ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བར་སྐོར་གནའ་གྲོང་གི་ཁོར་ཡུག་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཡུལ་སྐོར་གྱི་རྣམ་པ་དེ་བས་ལེཊ་སུ་གཏོང་ཆེད། ཉིན་ཤས་བསྟུད་མར་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྲོང་ཁྱེར་དོ་དམ་ཅུས་ཀྱིས་གནའ་གྲོང་སྤྱི་བདེ་ཅུས་དང་གནའ་གྲོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ་སྐོར་སྐྱོད་ཁྲོམ་ཚོང་པའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་འབྲེལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ད་ཐེངས་བཅོས་སྒྲིག་བྱེད་སྐབས་བར་སྐོར་ཁྲོམ་གཞུང་དང་དེ་བཞིན་མཐའ་འཁོར་གྱི་མ་ལམ་དང་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་སོགས་ས་ཁོངས་ཀྱི་ལམ་བཟུང་གཉེར་སྐྱོང་དང་ཚོང་ཟོག་གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ལ་གཙོ་གནད་ཐོག་དམིགས་ཡོད། ཟླ་9ཚེས་25ཉིན་ཁྲིམས་འཛིན་པ་ཅང་སུའུ་ལམ་ནས་འགོ་བཙུགས་ཏེ་རྡོ་སེང་གེ་ལམ་དཀྱིལ་ནས་བྱང་ཕྱོགས་སུ་བསྐྱོད་དེ་གཡུ་ཐོག་ལམ་དང་། གཙུག་ལག་ཁང་ཐང་ཆེན། པེ་ཅིན་ཤར་ལམ། ཧྲེན་ལི་དུས་རབས་ཐང་ཆེན་སོགས་ཀྱི་གྲོང་མི་དང་ཡུལ་སྐོར་བ་མང་བའི་ཁྲོམ་གཞུང་དང་ས་ཁོངས་སུ་ལེབ་བཤེར་བྱས་ཤིང་།དྲིལ་བསྒྲགས་ཁྲིད་སྟོན་དང་གཅིག་སྡུད་བཅོས་སྒྲིག་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཁྲོམ་གཞུང་གི་ཁྲོམ་ཚོང་པར་ངང་རྒྱུད་རིང་པོའི་སྒོ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བྱས་པ་རེད།
གནད་དོན་བསྐྱར་དུ་མི་ཐོན་པ་བྱ་ཆེད། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྲོང་ཁྱེར་དོ་དམ་ཅུས་ཀྱིས་གནའ་གྲོང་སྤྱི་བདེ་ཅུས་དང་གནའ་གྲོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གང་ལེགས་བྱས་ཏེ།གནས་གཏན་འཁེལ་གྱི་ལས་རེས་དང་། འགུལ་རྣམ་གྱི་སྐོར་ཞིབ། འཕྲལ་སྒྲུབ་ཀྱི་ཞིབ་བཤེར་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བས།བཅོས་སྒྲིག་དང་། སྲ་བརྟན། ལེགས་གཏོང་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། མིག་སྔར། བར་སྐོར་གནའ་གྲོང་གི་སྐོར་སྐྱོད་ཁྲོམ་ཚོང་པའི་གྲངས་འབོར་དུས་མཚུངས་ལས་བརྒྱ་ཆ་80ཡན་ཆག་པ་དང་། གནའ་གྲོང་ཁྲོམ་གཞུང་གི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། འགྲོ་ལམ་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད་པ་རེད།
བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྲོང་ཁྱེར་དོ་དམ་ཅུས་སྐབས་བསྟུན་རུ་ཁག་གི་རུ་དཔོན་བློ་ཚེ་ཡིས་སླད་ཕྱིན་ང་ཚོས་གཙོ་བོ་ཕུགས་ཕན་ཅན་དང་ཞིབ་ཚགས་ཅན་གྱི་ཕྱོགས་སུ་འབད་པ་ཧུར་ཐག་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་རུ་འབྲིང་གསུམ་གྱིས་འཚང་ཁ་ཆེ་བའི་སྒང་གི་ལས་རེས་དང་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་སྟངས་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ་སྐབས་སྤྱོད་རུ་ཁག་གི་མཚན་མོའི་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་ནས་གནད་དོན་བསྐྱར་དུ་མི་ཐོན་པ་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་ཁྲོམ་གཞུང་གཞུང་དོན་ཁང་དང་སྡེ་ཁུལ་དང་མཉམ་དུ་ཡུལ་སྐོར་བ་དང་གྲོང་མིས་གནའ་གྲོང་གི་དོ་དམ་ལས་དོན་ཐད་བཏོན་པའི་གྲོས་འགོ་བསྡུ་རུབ་བྱས་ཏེ་ཞབས་ཞུ་རྣམ་པའི་དོ་དམ་ཟབ་ཏུ་བཏང་ནས་བཅོས་སྒྲིག་ལས་དོན་དེ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་དེ་བས་འཚམ་པ་དང་།མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社