分享按钮

ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་སློབ་མས་ཉེ་འགྲམ་ནས་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་ལ་ཉམས་ལེན་བྱས་པ།

(པར་ངོས་དང་པོར་མཐུད)ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ལྷང་ལྷང་དུ་གྲགས། གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲལ་སྒྲུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་བྱམས་པ་ཕུན་ཚོགས་ཀྱིས་གསར་འགོད་པར་བྱེད་སྒོ་དེ་རིགས་བརྒྱུད་དེ་ཕྲུ་གུ་ཚོའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་ཉེན་རྟོག་པའི་ལས་རིགས་ལ་རྒྱུས་མངའ་དང་ཡིད་ཆེས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

དཔའ་ཞིང་བདེ་ལྕག་འཁྱུག་པ་དང་ཚན་རྩལ་མཐོ་བའི་སྒྲིག་ཆས་ལ་བརྟེན་ནས་གར་སྟེགས་ཐོག་དཔའ་རྩལ་ངོམས་པ།

ལག་ཆ་སོགས་གང་ལའང་མ་བརྟེན་པར་ལག་པར་བརྟེན་ནས་བྲག་ལ་འཛེགས་པ་ནི་ཉེན་ཁ་ཆེ་ཞིང་འཇིགས་སུ་རུང་བ་ཞིག་རེད། སྦྱོང་བརྡར་ར་བའི་དཀྱིལ་ནི་གནམ་ས་གཡོ་བ་ལྟ་བུ་ཞིག་ཡོད། སྐབས་བསྟུན་རུ་ཆེན་གྱི་དབྱུག་རྩལ་འཁྲབ་སྟོན་ལ་ངར་ཤུགས་ལྡན་པ་དང་། དམིགས་བསལ་ཉེན་རྟོག་པའི་འགུལ་སྟངས་གྲལ་སྟར་འགྲིག་པ། དེ་བཞིན་དབྱུག་པ་རིང་པོ་ནི་རྒྱ་སྟག་ངར་མ་ཞིག་དང་འདྲ་བ་བཅས་ལས་སྒྲིག་ཁྲིམས་ནི་རྒྱབ་རྟེན་ཆེ་ཤོས་ཤིག་ཡིན་པའི་ནང་དོན་མངོན་ཡོད། དེ་རྗེས་གར་སྟེགས་ཐོག་དཔའ་རྩལ་ངོམས་མཁན་ནི་དཔའ་ཉམས་དོད་ལ་གྲུང་ཤ་དོད་པའི་བུད་མེད་ཉེན་རྟོག་རུ་ཆེན་ཡིན་པ་དང་། ཁོང་ཚོས་ལག་ཏུ་གློ་གྲི་ཁྱེར་ནས་སྦྱོང་བརྡར་བྱེད་པ་དང་། བྱ་ཐབས་དང་དྲག་རྩལ་མི་འདྲ་བར་བརྟེན་ནས་བདེ་ལྕག་འཁྱུག་ལ་དཔའ་ཞིང་ཉམས་དོད་པའི་སྟོབས་ཤུགས་མངོན་པར་མ་ཟད། འཇམ་ཞིང་མཉེན་པའི་དཔུང་པར་བརྟེན་ནས་བདེ་འཇགས་ལ་འགན་ལེན་དང་། གློག་གྲི་ངར་མར་བརྟེན་ནས་དྲང་བདེན་སྲུང་བའི་དཔའ་ཉམས་མངོན་པས་ཕྲུ་གུ་ཚོས་སྤྲོ་སེམས་འཁོལ་པོས་ཐལ་མོ་བརྡབས་པ་དང་དགའ་བསུ་ཡང་ཡང་ཞུས་པ་རེད།

ཚན་རྩལ་གྱི་ནང་དོན་ཧ་ཅང་ཟབ་པའི་ཉེན་རྟོག་པའི་མི་མེད་གནམ་གྲུས་འཁྲབ་སྟོན་བྱས་པས་རྩལ་འགྲན་ར་བ་དེ་དེ་བས་མཐོ་རླབས་ཤིག་ཏུ་འཕྱུར་བར་བྱས་ཡོད། མི་མེད་གནམ་གྲུས་སྟབས་བསྟུན་ངང་ཕར་འགྲོ་ཚུར་འོང་བྱས་ཏེ་དངོས་ཟོག་སྐྱེལ་འདྲེན་གྱི་ལད་མོའི་ལས་འགན་གནད་སྨིན་ངང་ལེགས་སྒྲུབ་བྱས་པ་རེད། ཕྲུ་གུ་ཚོས་དགའ་ཚོར་ཆེ་ཤོས་བྱེད་པ་ནི་བར་བརྒལ་གནམ་གྲུས་གནད་སྨིན་ངང་ལྒང་བུ་གཏོར་བའི་ལྷུ་ཚིགས་ཡིན་པ་དང་། ཚོན་མདོག་སྣ་ཚོགས་ཀྱི་ལྒང་བུ་མཁའ་དབྱིངས་སུ་འཕུར་བ་དང་། མི་མེད་གནམ་གྲུས་ཁུག་རྟ་ལྟར་བདེ་ལྕག་འཁྱུག་པོས་རྗེས་སྙེགས་ནས་བདེ་བླག་ངང་ལྒང་བུ་གཏོར་བས་དགའ་འབོད་ཀྱི་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས་ཡོད།

དབྱིངས་ཞུགས་ཉམས་ལེན་ལས་བྱིས་པར་བློ་བསྐྱེད་སྦྱིན་པ་དང་། ཉེན་རྟོག་དང་བུ་བཅོལ་ཁང་གིས་མཉམ་དུ་བདེ་འཇགས་འགོག་སྲུང་འཛིང་རགས་བསྐྲུན་པ།

མཉམ་འགུལ་ལྷུ་ཚིགས་སུ་ཕྲུ་གུ་ཚོས་ཐག་ཉེ་ས་ནས་ཉེན་རྟོག་པས་སྤྱོད་པའི་ཁྲབ་ལྡན་རླངས་འཁོར་ལ་ལྟ་སྐོར་བྱས་ཏེ་མི་དང་འདྲ་བར་སྐད་ཆ་ཤོད་ཤེས་པའི་བདེ་འཇགས་རྫུ་འཕྲུལ་ཡི་གེ་སྟེ། དམིགས་བསལ་ཉེན་རྟོག་པའི་སྒྲིག་ཆས་མཛོད་ཁང་དུ་ཉམས་ལེན་བྱས་པར་མ་ཟད།བློ་སྟོབས་ཅན་གྱི་མྱུལ་དཔྱད་བྱ་ཡུལ་དུ་དམིགས་བསལ་ཉེན་རྟོག་པས་རྒྱུན་དུ་སྦྱོང་བརྡར་བྱེད་པའི་དཀའ་ཚེགས་ཚོར་བར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་ཡོན་ཀྲང་སུན་ཡན་གྱིས་དམིགས་བསལ་ཉེན་རྟོག་བློ་མཐུན་ཚོས་མངོན་པའི་ཆེད་ལས་བྱང་ཚད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ནི་ཕྲུ་གུ་ཚོ་འཚར་ལོངས་ཡོང་བའི་ལམ་བུའི་ཐོག་གི་གསོན་ཉམས་དོད་ཤོས་ཀྱི་སློབ་དེབ་ཅིག་རེད། ད་ཐེངས་ཀྱི་བྱེད་སྒོས་སེམས་ནང་སྒྲིག་བཀུར་ཁྲིམས་སྲུང་དང་། དཔའ་བོར་དད་གུས། རང་ཉིད་ལ་སྲུང་སྐྱོང་བཅས་ཀྱི་རྩ་ཆེའི་སློབ་གསོ་གཏིང་ཟབ་ཐེབས་ཡོད། ང་ཚོས་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས་ཕྲུ་གུ་ཚོར་དེ་བས་བདེ་འཇགས་དང་སྐྱོན་བྲལ་གྱི་འཚར་ལོངས་ཁོར་ཡུག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

ད་ཐེངས་ཉེན་རྟོག་པའི་སྒར་སའི་སྒོ་དབྱེའི་ཉིན་མོ་ནི་མཐོང་ཚོར་དང་ཚོར་དབང་གི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པར་མ་ཟད། བདེ་འཇགས་སློབ་གསོ་གཏིང་ཟབ་ཅིག་ཀྱང་རེད། དམིགས་བསལ་ཉེན་རྟོག་རུ་མིའི་དཔའ་ངར་ཆེ་བའི་གཟུགས་བརྙན་དང་རྩལ་ནུས་རྩེར་སོན་ནི་སྟོབས་ཤུགས་ཀྱིས་ཁེངས་པའི་ས་བོན་ཞིག་དང་འདྲ་བར་ཕྲུ་གུ་ཚོའི་སེམས་ནང་རྩ་བ་གཏིང་ཟབ་ཚུགས་ནས་བདེ་འཇགས་ལ་ངོས་འཛིན་དང་། དཔའ་བོར་དད་གུས། སྒྲིག་སྲོལ་ལ་བརྩི་འཇོག་བཅས་བྱེད་པའི་འདུ་ཤེས་སྐྱེད་སྲིང་བྱས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209374.html 1 ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་སློབ་མས་ཉེ་འགྲམ་ནས་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་ལ་ཉམས་ལེན་བྱས་པ། /enpproperty-->