ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་གིས་བོད་ཀྱི་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་ནད་པའི་རྐང་པའི་མཐའ་འཁོར་དབང་རྩ་མཉམ་འབྲེལ་གྱི་གནོན་ཤུགས་ཆུང་དུ་གཏོང་བའི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་བ་རེད། ད་ཐེངས་ཀྱི་གཤགས་བཅོས་བདེ་བླག་ངང་སྤེལ་ནས་རང་ལྗོངས་ཀྱི་ཁྱབ་ཁོངས་དེའི་ལག་རྩལ་གྱི་སྟོང་ཆ་བསྐངས་པ་དེའི་ཐོག་ནས་རང་ལྗོངས་ཀྱི་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་ནད་པའི་རྐང་པར་སྨན་བཅོས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
ད་ཐེངས་གཤགས་བཅོས་དང་ལེན་བྱེད་མཁན་ནད་པ་ནི་གཅིན་སྙི་ཟགས་ཁུའི་ནད་ཕོག་ནས་ལོ་9སོང་བའི་ནད་པ་ཞིག་ཡིན་ཞིང་། སྨན་ཁང་དུ་བསྡད་རྗེས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པས་དེར་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཏེ།གཤགས་བཅོས་མ་བྱས་གོང་གི་བརྟག་དཔྱད་འཐུས་སྒོ་ཚང་དུ་བཏང་བ་དང་གཤགས་བཅོས་ཀྱི་འཛེམ་བྱ་མེད་པར་བཟོས་རྗེས་མཐའ་འཁོར་གྱི་དབང་རྩའི་མཉམ་འབྲེལ་གནོན་ཤུགས་ཆུང་དུ་གཏོང་བའི་གཤགས་བཅོས་བྱ་རྒྱུའི་ཐག་བཅད་པ་རེད།
གཤགས་བཅོས་ལེགས་གྲུབ་ཡོང་ཆེད། སྨན་ཁང་གིས་མཁའ་དམག་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་ཐང་ཏུའུ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཝང་པའོ་ས་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པར་གདན་དྲངས་པ་དང་། ཕྱོགས་གཉིས་པོའི་རིགས་གཅིག་མཁས་ཅན་གྱིས་ཐུན་མོང་ཐོག་གཙོ་བཅོས་བྱས་པ་རེད། གཤགས་བཅོས་ཐད་གནས་མང་དབང་རྩའི་གནོན་ཤུགས་ཆུང་དུ་གཏོང་བ་དང་གནད་སྨིན་གཤགས་དཔྱད་བཀོལ་སྤྱོད་ཀྱི་ལག་རྩལ་སྤྱད་དེ་གཅིན་སྙི་ཟགས་ཁུའི་ནད་པའི་རྒྱུན་དུ་གནོད་འཚེ་ཕོག་པའི་རྗེ་ངར་ཆུང་བའི་དབང་རྩ་དང་རྗེ་ངར་ཆེ་བའི་དབང་རྩ་སོགས་ལ་དམིགས་ནས་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བའི་གནས་ལ་གནད་ལ་འཁེལ་བའི་སྒོ་ནས་གནོན་ཤུགས་ཆུང་དུ་བཏང་བ་དང་འབྲེལ་ཆ་ཤས་ཀྱི་ནད་འགྱུར་དང་ཟུང་འབྲེལ་བྱས་ནས་རྐང་པའི་དབང་རྩར་འཚོ་བཅུད་བསྡུ་ལེན་དང་ཚོར་བའི་ནུས་པ་ལེགས་སུ་བཏང་བ་རེད།
བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གུ་རུ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་གསར་པར་གནད་སྨིན་དང་། རྨ་ཆུང་། སྨན་བཅོས་ཀྱི་ནུས་པ་ཐོན་པ་བཅས་ཀྱི་ཁྱད་ཆོས་ཆེན་པོ་གསུམ་ལྡན་པ་སྟེ། གཅིག་ནི་ཐད་ཀར་དབང་རྩའི་གནོན་ཤུགས་སེལ་བ་དང་དབང་རྩའི་བརྒྱུད་འདྲེན་ནུས་པ་སླར་གསོ་ཐུབ་ནས་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་དང་། གཉིས་ནི་གཤགས་བཅོས་ཀྱི་རྨ་ཆུང་ཞིང་བདེ་འཇགས་ཀྱི་རང་བཞིན་མཐོ་བ། གསུམ་ནི་དབང་རྩའི་ནུས་པ་ལེགས་སུ་གཏོང་བ་དང་ཆ་ཤས་ཀྱི་འཁོར་སྐྱོད་ལེགས་སུ་བཏང་བ་བརྒྱུད་དེ་རྐང་པའི་ཤ་པགས་རུལ་བའི་གཉན་ཚད་དམའ་རུ་གཏོང་བ་བཅས་ཡིན་ཞེས་བཤད།
གཅིན་སྙི་ཟ་ཁུའི་མཐའ་འཁོར་གྱི་དབང་རྩའི་མཉམ་འབྲེལ་གནོན་ཤུགས་ཆུང་དུ་གཏོང་བའི་ཐབས་ཀྱིས་དབང་རྩ་འགག་གནོན་གྱི་ནད་རྐྱེན་ལ་ཐད་ཀར་གཤགས་བཅོས་བྱས་པ་དང་དུས་མཚུངས་སུ་ཆ་ཤས་ཀྱི་ཁྲག་མཁོ་སྤྲོད་ལ་རམ་འདེགས་བྱས་ཏེ། འབྱུང་རྩ་ནས་ནད་གཞི་སེལ་གྱི་ཡོད་པ་རེད།
གུ་རུ་རྒྱལ་མཚན་གྱིས། འབྱུང་འགྱུར་སྨན་ཁང་གིས་ཕྱོགས་གསུམ་ཐད་ནས་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་ནད་པའི་རྐང་པར་སྨན་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་སྟེ། གཤགས་བཅོས་མ་བྱས་གོང་གི་དཔྱད་དཔོག་གནད་སྨིན་ཡོང་བར་བྱས་ནས་ནད་པར་ཁེར་རྐྱང་ཅན་གྱི་གཤགས་བཅོས་ཇུས་གཞི་བཟོ་རྒྱུ་དང་། གཤགས་བཅོས་ལག་རྩལ་གྱི་རྨ་ཁ་ཕྲ་མོ་ཅན་དང་མཉམ་འབྲེལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ནང་ཤེལ་འོག་གི་དབང་རྩའི་གནོན་ཤུགས་ཆུང་གཏོང་ལག་རྩལ་འཚོལ་ཞིབ་བྱེད་པར་མ་ཟད། ཆ་ཤས་ཀྱི་གཞུང་རྐང་ཕྲ་ཕུང་གསོ་བཅོས་སོགས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། དབང་རྩ་སླར་གསོ་དང་རྨ་ཁ་སོས་པར་སྐུལ་འདེད་གཏོང་རྒྱུ་རེད། བརྒྱུད་རིམ་ཧྲིལ་པོ་ཅན་གྱི་གཤགས་བཅོས་བྱས་རྗེས་ཀྱི་དོ་དམ་མ་ལག་བཙུགས་ནས་གཤགས་བཅོས་བྱས་རྗེས་ཀྱི་ཁྲག་མངར་དོ་དམ་དང་། དྲག་སྐྱེད་སྦྱོང་བརྡར། ཡུན་རིང་བཅར་འདྲི་བཅས་ཟུང་འབྲེལ་བྱས་ཏེ་སྨན་བཅོས་ཀྱི་ཕན་ནུས་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་དང་ཉེན་ཁ་ཆེ་བའི་ནད་པར་སྨན་བཅོས་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་རྒྱུ་་རེད་ཅེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社