(པར་ངོས་དང་པོར་མཐུད)
ཉེ་ཆར། གསར་འགོད་པ་གཡུ་ཐོག་ལམ་གྱི་ལྷ་སའི་མཚན་མོའི་གྲོང་དུ་སྐྱོད་སྐབས་གངས་ལྗོངས་ཀྱི་རྡོ་ཁོག་བྱ་ཤའི་དྲི་ཞིམ་འཐུལ་བ་དང་། ཁྲེང་ཏུའུ་ཡི་རྐུབ་སྟེགས་ཐུག་པའི་ཟ་ཁང་དུ་སི་ཁྲོན་གྱི་བྲོ་བ་ལྡན་པ། ཚ་སོབ་སོབ་ཀྱི་རྒྱ་ཁོག་བཅས་ཡོད་པར་མ་ཟད། ད་དུང་སྟབས་བདེའི་བཟའ་བཅའ་སྣ་ཚོགས་ཀྱིས་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད་པ་མཐོང་བྱུང་། འདི་གར་མི་ཚོགས་ཧ་ཅང་མང་ཞིང་། གྲོང་མི་དང་ཡུལ་སྐོར་བ་ཚོས་ཁྱད་ལྡན་དངོས་པོར་ལོངས་སུ་སྤྱོད་པ་དང་། ཟ་མའི་བྲོ་ཞིམ་མྱོང་བ། ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟ་བ་བཅས་བྱེད་བཞིན་ཡོད། ལྷ་སའི་མཚན་མོའི་གྲོང་དུ་ཁྱོན་གཉེར་སྐྱོང་ས་ཚིགས་169བཙུགས་ཡོད་པ་དང་། ཆ་སྒྲིག་རྣམ་པའི་ཁྲོམ་གཞུང་བཀོད་སྒྲིག་བྱེད་སྟངས་སྤྱད་དེ་བོད་ཀྱི་ཅ་དངོས་ཡག་པོ་དང་། ཁྱད་ལྡན་བཟའ་བཏུང་། དར་སྲོལ་རྣམ་པའི་ལྡན་པའི་ཁྲོམ་གཞུང་བཅས་གཙོ་དོན་ལས་རྣམ་ཆེན་པོ་གསུམ་གཅིག་སྡུད་བྱས་ཡོད། རྣམ་གྲངས་དེས་ད་ཡོད་ཀྱི་ལས་རྣམ་དང་ཟུང་འབྲེལ་བྱས་ནས་གྲུབ་ཆ་ལེགས་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་ས་གནས་དེ་གའི་ཁྱད་ལྡན་ཟས་རིགས་སོགས་ཁྱད་ལྡན་ལས་རྣམ་གཙོ་གནད་ཐོག་ནང་འདྲེན་བྱས་ཏེ་འཛད་སྤྱོད་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཐོག་གྲོང་མི་དང་ཡུལ་སྐོར་བར་སྤུས་ལེགས་ཀྱི་འཛད་སྤྱོད་ཉམས་ལེན་མཁོ་འདོན་བྱེད་བཞིན་ཡོད་པ་རེད།
གྲོང་མི་བྱམས་བསྟན་གྱིས་ལྷ་སའི་མཚན་མོའི་གྲོང་དུ་ཧ་ཅང་འཁྲུག་ཆ་དོད་པོ་འདུག འདི་གར་གདམ་ག་བྱེད་ཆོག་པའི་འཛད་སྤྱོད་ཀྱི་རྣམ་གྲངས་མང་པོ་ཡོད་ལ། ད་ཆའི་ལས་རྣམ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། ང་རྒྱུན་དུ་གྲོགས་པོ་དང་མཉམ་དུ་འདི་གར་ཟ་མ་ཟ་བར་ཡོང་གི་ཡོད། འདི་ག་ནས་ང་ཚོའི་རྒྱུན་ལྡན་གྱི་ངལ་གསོའི་དགོས་མཁོ་སྐོང་ཐུབ་ཀྱི་འདུག་ཅེས་བཤད།
ཡུལ་སྐོར་བ་ཁྲེན་ཅིང་རན་ད་ཐེངས་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་ལྷ་སའི་མཚན་མོའི་གྲོང་དུ་ཡུལ་སྐོར་ལ་ཡོང་བ་ཡིན་པས་ང་རང་ཧ་ཅང་དགའ་པོ་བྱུང་། དང་ཐོག་ངས་ས་གནས་འདི་གའི་ཞིམ་ཟས་ཀྱི་བྲོ་བ་མྱོང་འདོད་པ་ཙམ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་འདིར་གཅིག་འཐུས་རྣམ་པའི་ཉམས་ལེན་ཕུན་སུམ་ཚོགས་པའི་ལས་རྣམ་འདུག ངས་ངོ་མཚར་ཆེ་བའི་ལྷ་མོའི་འཁྲབ་སྟོན་མཐོང་བར་མ་ཟད། ད་དུང་ཁྱད་ལྡན་ཚོང་ཟོག་ཀྱང་ཉོ་རྒྱུ་བྱུང་བས་ལྷ་སའི་རིག་གནས་དང་འཕེལ་ཕྱོགས་ཀྱི་རྣམ་པར་ཕྱོགས་ཡོངས་ནས་མྱོང་ཚོར་ཐུབ་བྱུང་ཞེས་བཤད།
ཁོར་ཡུག་སྲུང་སྐྱོང་དང་སྔོ་འགྱུར་དོ་དམ་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་ལྷ་སའི་མཚན་མོའི་གྲོང་གིས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ཡོད། ཁོར་ཡུག་འཕྲོད་བསྟེན་དོ་དམ་ཐད་གད་སྙིགས་ས་ལ་མི་དབྱུག་པའི་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས་ཁྲོམ་གཞུང་དུ་གད་སྙིགས་བླུག་སྣོད་བཀོད་སྒྲིག་ལུགས་མཐུན་བྱས་པ་དང་འབྲེལ་གཙང་སྦྲ་བྱེད་མཁན་ལ་ཉིན་མཚན་བལྟོས་མེད་ངང་གཙང་སྦྲ་བྱེད་དུ་བཅུག་གི་ཡོད། བཟའ་བཏུང་གི་དུ་སྣུམ་གྱི་གནད་དོན་ལ་དམིགས་ནས་བསྲེགས་ཟས་སོགས་ཚོང་དུད་ལ་དུ་སྣུམ་གཙང་བཟོའི་སྒྲིག་ཆས་སྒྲིག་སྦྱོར་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ།ཚོང་དུད་ཀྱི་དུ་སྣུམ་གཙང་བཟོའི་ཚད་གཞི་བརྒྱ་ཆ་100ལོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དེ་དང་ཆབས་ཅིག་སྔོ་འགྱུར་གྱི་གྲུབ་འབྲས་ལ་སྲུང་སྐྱོང་བྱ་ཆེད་དང་བླངས་པ་བཀོད་སྒྲིག་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་ཤེས་དཔལ་གྱི་ཁ་ཏ་བསླབ་བྱ་བྱས་པ་དང་ཁྲོམ་གཞུང་གི་མངོན་གསལ་དོད་སར་སྦྱར་ཚིག་འགེལ་བ་དང་འབྲེལ་ཐབས་ལམ་སྣ་ཚོགས་བརྒྱུད་དྲིལ་བསྒྲཊ་ཁྲིད་སྟོན་ལ་ཤུཊ་སྣོན་བརྒྱབ་ཡོད།
ལྷ་སའི་མཚན་མོའི་གྲོང་གཏོད་པའི་ལྟེ་བའི་དམིགས་ཚད་ནི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་རེད། རྣམ་གྲངས་དེས་ལས་ཞུགས་ལས་གནས་བཏོད་པ་དང་། སྣ་མང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཚོང་ལས་དར་རྒྱས་ཡོང་བར་བྱས་ཡོད། རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཚུན།གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ས་གནས་འདི་གའི་ངལ་རྩོལ་ནུས་ཤུགས་200ལྷག་ཙམ་ལས་ཞུགས་ཐུབ་པར་མ་ཟད། ད་དུང་བོད་རུམ་དང་གཟིམ་སྤོས་སོགས་ཐོན་ལས་འཕེལ་རྒྱས་ལ་དུས་གཅིག་ཏུ་སྐུལ་ཁྲིད་ཐུབ་ནས་རིག་གནས་དང་ཡུལ་སྐོར་ནང་འདྲེན་དང་། ཚོང་ལས་མངོན་འགྱུར། ཐོན་ལས་སྐྱོང་རོགས་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཏེ།ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པར་གྱུར་ཡོད།
ལྷ་སའི་འོད་མདངས་བཀྲ་བའི་མཚན་མོའི་རྣམ་པའི་ཁྲོད་ལྷ་སའི་མཚན་མོའི་གྲོང་ནི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟར་སྣང་ཞིང་། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནུས་པ་དང་། ཁྱད་ལྡན་གྱི་ལས་རྣམ་གསར་གཏོད། དེ་བཞིན་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་ལམ་སྲོལ་གྱི་འགན་ལེན་བཅས་ལ་བརྟེན་ནས་ཐབས་ཇུས་བཀོད་སྒྲིག་བྱས་ཏེ།གྲོང་མི་དང་ཡུལ་སྐོར་བར་བདེ་འཇགས་དང་། སྟབས་བདེ། གསོན་ཤུགས་བཅས་ལྡན་པའི་མཚན་མོའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་མཁོ་འདོན་བྱས་པ། གྲོང་ཁྱེར་གྱི་མཚན་མོའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས་ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཚད་ཤིང་ཞིག་ཏུ་གྱུར་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས་ཉེ་དུས་ང་ཚོས་ལྷ་སའི་མཚན་མོའི་གྲོང་གི་ལས་རྣམ་རིམ་སྤོར་ལེགས་སྒྲིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ཆབས་ཅིག ནུས་ཆེའི་དུ་སྣུམ་གཙང་བཟོའི་མ་ལག་ཀྱང་མང་དུ་བཏང་ཡོད། བྱེད་ཐབས་རབ་དང་རིམ་པས་སྤྱི་ཡོངས་ཀྱི་འཛད་སྤྱོད་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་འཛད་སྤྱོད་པའི་སྐྱིད་སྣང་དོད་ཚད་ཀྱང་ཆེ་རུ་ཕྱིན་ཡོད། ཕྱིས་འབྱུང་ང་ཚོས་དོ་དམ་ཞབས་ཞུའི་ཐད་མུ་མཐུད་དེ་འབད་བརྩོན་བྱས་ཏེ།ལྷ་སའི་མཚན་མོའི་གྲོང་འདི་ཉིད་འཛད་སྤྱོད་པའི་ཉམས་ལེན་ལེགས་སུ་གཏོང་ཐུབ་པ་དང་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པའི་མིང་བྱང་ལྟ་ན་སྡུག་པ་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社