(པར་ངོས་དང་པོར་མཐུད)འདམ་རར་ཆུ་གསོག་པ་དང་། སྔོ་ཁེབས་སླར་གསོ། འདམ་ར་དང་དེ་བཞིན་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ལེགས་གཏོང་སོགས་ཀྱི་ལས་གྲྭ་སྤེལ་ཡོད།ལོ་རིམ་བྱུང་གི་རྒྱང་ཚོར་སྲུང་སྐར་གྱི་དཔེ་རིས་དང་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད།ལྷ་ཀླུ་འདམ་རའི་སྔོ་ཁེབས་ཁྱབ་ཚད་དེ་སྲུང་སྐྱོང་ཁུལ་བཙུགས་མ་ཐག་གི་བརྒྱ་ཆ་60ནས་མིག་སྔའི་བརྒྱ་ཆ་95ཡན་བར་མཐོ་རུ་ཕྱིན་ཡོད། 2023ལོར། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་བོད་ལྗོངས་སློབ་ཆེན་གྱིས་ལྷ་ས་གྲོང་ཁྱེར་གྱི་འདམ་རའི་སྐྱེ་ཁམས་མ་ལག་གི་བོད་རང་སྐྱོང་ལྗོངས་ཀྱི་ཐང་རྒོད་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཞེས་པ་བཙུགས་ནས་འདམ་རའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། འདམ་རའི་སྐྱེ་ཁམས་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
འདམ་རའི་སྐོར་སྲུང་བ་ཞིག་ཡིན་པའི་ངོས་ནས་བྱམས་པས་འདི་གར་ལས་ཀ་ལོ་20ལྷག་ཙམ་བྱས་པ་དང་། ལས་རོགས་50ལྷག་ཙམ་དང་མཉམ་དུ་འདམ་ར་འདིར་སྲུང་སྐྱོང་བྱེད་བཞིན་ཡོད། བྱམས་པས་ང་ཚོས་དུས་བཀག་ལྟར་ར་སྐོར་གྱི་ཆུ་ཁོངས་གཙང་སེལ་བྱེད་པ་དང་། ཉིན་ལྟར་སྐོར་སྲུང་བྱེད་པར་ཡོང་གི་ཡོད་ཅེས་བཤད། གྲངས་གཞི་ལས་མངོན་པར་གཞིགས་ན། ལྷ་ཀླུ་འདམ་རའི་མཐའ་འཁོར་དུ་དབྱར་དུས་སུ་གསོ་རླུང་འདུས་ཚད་བརྒྱ་ཆ་80ཙམ་ཟིན་པ་དང་།དགུན་དུས་སུ་གྲོང་ཁུལ་གྱི་དུས་མཚུངས་ཀྱི་ཆུ་ཚད་ལས་བརྒྱ་ཆ་10ཙམ་གྱིས་མཐོ་བ་ཡོད། ས་སྲོས་སུ། གྲོང་མི་འཛོམས་པ་དང་ནང་མི་ཚོ་འདམ་རའི་ཉེ་འཁོར་དུ་འཆམ་འཆམ་དུ་འགྲོ་རྒྱུར་གོམས་གཤིས་འཇགས་ཡོད་ཅིང་། འཛོམས་པས་མཁའ་རླུང་ཡག་ལ་ཁོར་ཡུག་མཛེས་པ་ནི་གྲོང་མིའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་རེད་ཅེས་བཤད། ད་ཆའི་ལྷ་ཀླུ་འདམ་ར་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཞིག་ཡིན་པར་མ་ཟད། གྲོང་མི་དང་ཡུལ་སྐོར་བས་རང་བྱུང་ཁམས་དང་ཉེ་བཅར་དང་འཚོ་བར་ལོངས་སྤྱོད་བྱེད་པའི་སྐྱེ་ཁམས་ཀྱི་བར་མཐོངས་ཤིག་ཏུ་གྱུར་ཡོད། འདམ་རར་གསར་དུ་བསྐྲུན་པའི་སྐོར་སྲུང་རྐང་ཐང་ལམ་ཐོག་སྐྱོད་སྐབས། ཆུ་མོའི་ངོས་ནས་འོད་མདངས་ཆེམ་ཆེམ་དུ་འཕྲོ་བ་དང་། རྩྭ་དང་རྩི་ཤིང་སྔོ་ཐིང་ཐིང་ངེར་གནས་པ། བྱ་བྱིའུ་འཕུར་ལྡིང་བྱེད་པ་བཅས་ཀྱི་རྣམ་པ་མངོན་བཞིན་ཡོད། རྒྱང་རིང་གི་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་རྒྱ་ཆེ་བའི་ལྷ་ཀླུ་འདམ་ར་གཉིས་ཕན་ཚུན་མཛེས་རྒྱན་སྤྲོས་པ་ལྟར་གནས་པ་དང་། ས་མཐོའི་འདམ་ར་འདིའི་ཡིད་དབང་འཕྲོག་ཤུགས་ལ་ཐུན་མོང་ཐོག་བདེན་དཔང་བྱེད་བཞིན་མཆིས།
(《མི་དམངས་ཉིན་རེའི་ཚཊ་པར》གྱིས་སྤེལ་བའི་གནས་ཚུལ་གཞིར་བཟུང) (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社