分享按钮

རྐང་འཁོར་བཞོན་ནས་འབྱུང་འགྱུར་ལ་སྐུལ་འདེད་གཏོང་བའི་སྤྱི་ཕན་རྐང་འཁོར་བཞོན་པའི་བྱེད་སྒོ་ཆེ་གྲས་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་པའི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་ཆེད། ཟླ་8ཚེས་16ཉིན།རྐང་འཁོར་བཞོན་ནས་འབྱུང་འགྱུར་ལ་སྐུལ་འདེད་གཏོང་བའི་སྤྱི་ཕན་རྐང་འཁོར་བཞོན་པའི་བྱེད་སྒོ་ཆེ་གྲས་རང་གྲོང་དུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་བོད་རང་སྐྱོང་ལྗོངས་རླངས་འཁོར་དང་། སྦག་སྦག རྐང་འཁོར་ལུས་རྩལ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་དང་། བོད་ལྗོངས་ཨེ་ཤེ་ཡའི་རྐང་འཁོར་རུ་ཁག་དང་ཇོ་རིའི་རྐང་འཁོར་རུ་ཁག་སོགས་རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་མང་པོ་ཞུགས་ནས་ལམ་ཐག་སྤྱི་ལེ་40ཡི་རྐང་འཁོར་བཞོན་པའི་འགྲན་སློང་ཐུན་མོང་ཐོག་ལེགས་སྒྲུབ་བྱས་པ་རེད།

སྔ་དྲོའི་ཆུ་ཚོད་11པར་མེ་མདའི་སྒྲ་གྲགས་པ་དང་། རྐང་འཁོར་བཞོན་མཁན་ཚོས་སྟོང་ལས་ཤོར་བའི་མདའ་ལྟར་རྒྱང་སྐྱོད་བྱེད་འགོ་བཙུགས།དཔུང་ཁག་གིས་ལྷོ་སྐོར་ལམ་བརྒྱུད་ནས་ཤར་ཕྱོགས་སུ་བསྐྱོད་དེ་གཙང་འགྲམ་ལམ་བརྒྱུད་རྔ་ཆེན་ཕུག་ལམ་སྒྲོལ་བ་དང་སྟག་རྩེའི་ཟམ་ཆེན་དུ་འབྱོར་རྗེས་ཕྱིར་སློག་བྱས་ཤིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་40ཡོད་པ་དེའི་ཐོག་ནས་ས་མཐོའི་རྐང་འཁོར་བཞོན་པའི་ལུས་སྦྱོང་གི་གསོན་ཤུགས་གང་ལེགས་མངོན་ཡོད། དེའི་ཉིན་མོ་གོ་ལ་ཧྲིལ་པོའི་གྲགས་ཅན་གྱི་རྐང་འཁོར་སྤུས་རྟགས་ཏེ་གློག་འཁྱུག་ཅེས་པའི་ལྷ་སའི་ཚོང་ཁང་དང་པོ་དངོས་སུ་སྒོ་ཕྱེ་ནས་ཡུལ་དེ་གའི་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་མཁན་ཚོར་ཆེད་ལས་ཀྱི་སྤེལ་རེས་བྱ་ཡུལ་དང་ཞབས་ཞུའི་རྣམ་པ་སྤུས་ལེགས་བཏོད་པ་རེད། རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་མཁན་ཝུའེ་ཁྲོན་ཤིས་ཀྱིས་དེའི་ཐད་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཆེད་ལས་ཚོང་ཁང་གིས་བོད་ཀྱི་རྐང་འཁོར་བཞོན་མཁན་ཚོགས་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་གཞི་ཁྱོན་ཆེ་རུ་གཏོང་ཐུབ་པར་མ་ཟད། ཁེ་ལས་ཀྱིས་དོ་ཁུར་དེ་བས་ཆེན་པོ་བྱེད་པ་དང་། ས་ཁུལ་བརྒལ་བའི་སྤྲོ་སྐྱིད་ཁང་གི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ས་གནས་འདི་གའི་རྐང་འཁོར་བཞོན་པའི་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བཤད།

རང་སྐྱོང་ལྗོངས་རླངས་འཁོར་དང་། སྦག་སྦག རྐང་འཁོར་ལུས་རྩལ་མཐུན་ཚོགས་ཀྱི་དྲུང་ཆེ་ཟླ་བ་ཚེ་རིང་གིས་གློག་འཁྱུག་ཅེས་པའི་གོ་ལ་ཧྲིལ་པོའི་རྩེར་སོན་སྤུས་རྟགས་ལྷ་སར་བཙུགས་པ་དེས་ང་ཚོའི་སྒྲིག་ཆས་ཀྱི་ཆུ་ཚད་དང་ཞབས་ཞུའི་མ་ལག་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རྐང་འཁོར་བཞོན་པའི་རིག་གནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ལ། རྒྱལ་སྤྱིའི་རྩེར་སོན་གྱི་སྤུས་རྟགས་དེ་བས་མང་བ་བོད་དུ་གཞི་ཚུགས་ནས་སྤུས་རྟགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྒུལ་ནུས་འཕེལ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད། ད་ཐེངས་ཀྱི་རྐང་འཁོར་བཞོན་པའི་བྱེད་སྒོ་དང་རྒྱལ་སྤྱིའི་སྤུས་རྟགས་གཞི་ཚུགས་པ་མཉམ་འགུལ་བྱས་པ་དེས་གྲོང་མིའི་ལུས་རྩལ་གྱི་སྤྲོ་སེམས་འཕེལ་བར་མ་ཟད། ལྷ་སར་དེ་བས་བདེ་ཐང་དང་གསོན་ཤུགས་ལྡན་པའི་གྲོང་ཁྱེར་གྱི་དར་སྲོལ་གསར་པ་ཞིག་ཀྱང་བཏོད་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206919.html 1 རྐང་འཁོར་བཞོན་ནས་འབྱུང་འགྱུར་ལ་སྐུལ་འདེད་གཏོང་བའི་སྤྱི་ཕན་རྐང་འཁོར་བཞོན་པའི་བྱེད་སྒོ་ཆེ་གྲས་སྤེལ་བ། /enpproperty-->