ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་གྲོང་གིས་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སློབ་གྲྭ་དང་། གྲོང་ཚོ(སྡེ་ཁུལ)ཁག་གཅིག རྒན་ཡོལ་ཞུས་པའི་ཁྱབ་ཁོངས་ཀྱི་འབྲེལ་གཏུགས་མཛུབ་ཁྲིད་བྱེད་མཁན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་10བཅས་སུ་བསྐྱོད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ལས་བྱེད་པ་རྒན་གྲས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པའི་ཁྲོད་དྲང་ནུས་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིངདུ་ལྷ་ས་གྲོང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མར་ལེ་སློབ་དཔྱོད་ཁང་གི་དེ་སྔའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཚེ་རིང་ཆོས་འཛོམས་ཀྱིས་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པ་བརྗོད་གཞིར་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱི་ཐོག་ནས་སློབ་མ་ཚོར་སེམས་འགུལ་ཐེབས་པའི་སྒྲོག་འགྲེལ་བྱས་ཡོད།
ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་སློབ་མ་ཚེ་རིང་ལྷ་མོས་དེ་རིང་གི་སྒྲོག་འགྲེལ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འདས་ཟིན་པའི་དཀའ་སྤྱད་འབད་འཐབ་ཀྱི་ལོ་ཟླ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བསྡུར་བ་ནི་དེ་འདྲའི་བཅོས་མིན་དང་ཤུགས་དྲག་ལྡན་པ་ཞིག་ཡིན་པ་དེས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་དེ་ང་ཚོ་མི་རབས་འདིའི་གཞོན་ནུའི་འབད་བརྩོན་དང་བློས་གཏོང་དང་ཁ་འབྲལ་ཐབས་མེད། ངས་ཉིན་ལྟར་སློབ་སྦྱོང་ནན་ཏན་བྱས་ནས་མ་འོངས་པར་བོད་ཀྱི་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ལོ་ངོ་60རིང་གི་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔང་པོ་བྱས་ཤིང་། སྒྲོག་འགྲེལ་བྱེད་རིང་ཁོང་ཚོས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་བ། གོ་སྐོན་བློ་འགུག་གི་ནུས་པ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ཉིད་ཀྱི་མྱོང་བ་དང་ཉེ་འགྲམ་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་བསམ་བློ་དང་མྱོང་ཚོར་ཚང་མར་མཉམ་སྤྱོད་བྱས་ཡོད། སླད་ཕྱིན།ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལས་བྱེད་པ་རྒན་གྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་བློའི་རིག་སྟོབས་སྣོན་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社