ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷ་སའི་འོད་སྣང་དངོས་སུ་བཀྲག་མདངས་འཚེར་པོའི་ངང་མཁའ་དབྱིངས་སུ་འཕྲོས་ཤིང་།ས་བབ་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3650ཡི་སར་འགྱིང་ངེར་གནས་པའི་དེང་རབས་ཅན་གྱི་རྟགས་གསར་པ་དེས་གྲངས་འཛིན་འོད་བརྙན་གྱི་སྔོན་ཐོན་ལག་རྩལ་དང་འགུལ་རྣམ་འོད་བརྙན་གྱི་སྒྱུ་རྩལ་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་གསལ་འགྲེལ་བྱས་པ་དང་། གནས་མཆོག་ལྷ་སའི་བཀྲག་མདངས་འཚེར་བའི་མཚན་མོའི་གྲོང་ཁྱེར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
ས་སྲོས་ཀྱི་མཚམས་སུ་ལྷ་སའི་འོད་སྣང་མཐོ་ལྕོག་གི་གཟུགས་བརྙན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས།ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐོག་ཁང་གཙོ་བོའི་དཀར་གཙང་གི་རྣམ་པ་གཉིས་དང་ཕན་ཚུན་གཅིག་ལ་གཅིག་འགྲན་དུ་གནས་ཡོད།ཚོན་མདོག་སྣ་མང་གི་འགྱུར་ལྡོག་དང་བསྟུན་ནས་མིག་ལམ་དུ་བཀྲག་མདངས་འཚེར་བ་ལས་འཛུགས་སྐྲུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མ་ཟད། གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་གསོན་ཉམས་དང་མི་ཆོས་ཟམ་མོ་ཡང་བརྒྱུད་སྤྲོད་བྱས་ཡོད།ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་མཐོ་ལྕོག(ལྷ་སའི་འོད་སྣང)མཚན་ལྗོངས་གློག་སྒྲོན་རྣམ་གྲངས་ཇུས་འགོད་ཀྱི་སྤྱི་ཁྱབ་འགན་འཁུར་བ་དབྱང་ཐའོ་ཡིས་མཚན་ལྗོངས་གློག་སྒྲོན་ཇུས་འགོད་ལ་གཙོ་དོན་ཆེན་པོ་གཅིག་སྟེ་གངས་ལྗོངས་ས་མཐོར་འོད་སྣང་འཕྲོས། སེམས་པ་མཐུན་པོས་གཟི་བརྗིད་གཏོད་དང་། གཙོ་དོན་ཆུང་ཆུང་གསུམ་སྟེ་རང་བྱུང་འོད་སྣང་དང་། མི་ཆོས་འོད་སྣང་། སེམས་མཐུན་འོད་སྣང་བཅས་ཡིན། རང་བྱུང་འོད་སྣང་ནི་མཚན་ལྗོངས་གློག་སྒྲོན་ཇུས་འགོད་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ། དྭངས་གཙང་བརྒྱུད་སྤྲོད། ཡིད་དབང་འཕྲོག་པ་བཅས་ཀྱི་རང་བྱུང་ཁམས་ཤིག་རེད།མི་ཆོས་འོད་སྣང་ལས་མི་ཆོས་ཀྱི་བླ་སྲོག་མཚོན་པ་དང་མི་རྣམས་ལ་ཐུན་མོང་མ་ཡིན་པ་དང་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པའི་མི་རིགས་ཀྱི་རིག་གནས་མྱོང་ཚོར་ཐུབ་པར་བྱེད་པ།སེམས་མཐུན་འོད་སྣང་ལས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་བྱུང་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གཅིག་ཏུ་དམ་པོར་བསྒྲིལ་བ་མཚོན་ཡོད།
ཇུས་འགོད་ཀྱི་འདུ་ཤེས་དེ་དག་མངོན་འགྱུར་བྱ་ཆེད། གློག་སྒྲོན་མ་ལག་གིས་འབུར་གཟུགས་ཅན་གྱི་འོད་ནུས་ཇུས་འགོད་བྱས་པ་བརྒྱུད།མཐོ་ལྕོག་གི་སྤྱི་ཁོག་འཕྲུལ་མེད་དུ་བཀོད་སྒྲིག་བྱས་ཏེ་སྐྲུན་དངོས་ལ་མཚན་མོའི་ཁྲོད་རིམ་པ་ཕུན་སུམ་ཚོགས་པའི་ཚོར་སྣང་དང་སྒྱུ་རྩལ་གྱི་རྐྱོང་ཤུགས་མངོན་པར་བྱས་ཡོད།དེ་དང་ཆབས་ཅིག་རིག་ནུས་ཚོད་འཛིན་མ་ལག་བཀོད་སྒྲིག་བྱས་ཏེ་རྒྱུན་གཏན་དང་།དུས་ཆེན།ནུས་རྒྱུ་གྲོན་ཆུང་བཅས་ཀྱི་རྣམ་པ་3བཀོད་སྒྲིག་བྱས་ནས་དགོས་མཁོ་ལྟར་རང་འགུལ་ངང་བརྗེ་ཆོག་གི་ཡོད།དབྱང་ཐའོ་ཡིས་ང་ཚོས་སྤྱད་པ་ཚང་མ་ནི་གློག་སྒྲོན་ཁྱབ་ཁོངས་ཀྱི་ཆེས་སྔོན་ཐོན་གྱི་ལག་རྩལ་ཤ་སྟག་ཡིན་པ་དང་།གློག་སྒྲོན་ཐད་རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་བདམས་ཡོད།སྒྲོམ་སྟེགས་དེ་མཐོ་ལྕོག་ཇུས་འགོད་དང་རྦད་དེ་ཟུང་འབྲེལ་བྱས་ནས་རྣམ་པ་33བཟོས་ཡོད།རྣམ་པ་ཧྲིལ་པོ་ཚོད་འཛིན་མ་ལག་བརྒྱུད་མངོན་གྱི་ཡོད་ཅེས་བཤད།
ཇུས་འགོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནས་ལག་རྩལ་གྱི་ཇུས་གཞི་གནད་སྨིན་དོན་འཁྱོལ་བྱེད་པའི་བར།ལྷ་སའི་འོད་སྣང་གིས་འོད་སྣང་བརྗོད་གཞིར་བྱས་ཏེ།ས་མཐོའི་ས་གཞི་ཆེན་མོའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་ཀྱི་ནང་དོན་མངོན་པར་མ་ཟད།ཚན་རྩལ་གྱི་གསོན་ཤུགས་ཀྱང་མངོན་ཡོད།མཐོ་ཚད་སྨི་152ཟིན་པའི་ས་རྟགས་དེ་ནི་ལྷ་སའི་མཚན་མོའི་མཛེས་ལྗོངས་ཁྲོད་བཀྲག་མདངས་འཚེར་ཤོས་ཡིན་པར་མ་ཟད། གངས་ལྗོངས་ས་མཐོར་འོད་སྣང་འཕྲོས། སེམས་པ་མཐུན་པོས་གཟི་བརྗིད་གཏོད་ཅེས་པ་གཙོ་དོན་དུ་བྱས་ནས་མི་རིགས་ཀྱི་བརྩེ་སེམས་གཅིག་ཏུ་སྒྲིལ་བ་དང་མཐུན་སྒྲིལ་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པའི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་ཏུ་གྱུར་ཏེ་ལྷ་སའི་མཚན་མོར་གཞན་དང་མི་འདྲ་བའི་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་ཡོད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社