ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ་ལྷ་ས་གྲོང་ཁྱེར་འདི་ཉིད་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། རྟེན་འབྲེལ་གྱི་རྣམ་པ་གཏོད་པའི་འགག་རྩའི་གཞི་རྒྱུ་ཞིག་ཡིན་པའི་ངོས་ནས་བཟོ་ལྟ་བརྗིད་ཆགས་པའི་འབྲུག་གཟུགས་སྒྲོམ་གཞི་ཚང་མ་འགྱིང་ངེར་གནས་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ། གྲོང་ཁྱེར་དེ་བས་བཀྲག་མདངས་འཚེར་བ་བཅས་བྱས་པས། གྲོང་མི་ཚང་མས་རྟེན་འབྲེལ་མཛད་སྒོའི་ཉམས་འགྱུར་ཟབ་མོ་དང་དེ་བཞིན་རྒྱལ་ཁབ་དང་ཁྱིམ་ཚང་མཉམ་དུ་རྟེན་འབྲེལ་ཞུ་བའི་བརྩེ་སེམས་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་རྟེན་འབྲེལ་མཛད་སྒོའི་རྣམ་པ་གཏོད་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་ཧུར་ཐག་བཏང་བ་དང་། གཟབ་རྒྱས་དང་། སྤྲོ་སེམས་འཁོལ་བ། དངོས་སྒྲུབ་བབ་ཆགས་བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་ཁྱེར་གྱི་འཛུལ་སྒོ་དང་ཐོན་སྒོ་དང་། ཐང་ཆེན། རླངས་འཁོར་འབབ་ཚུགས། སྤྱི་གླིང་སོགས་གལ་ཆེའི་ལྷུ་ཚིགས་དང་དེ་བཞིན་མི་སྣ་འདུ་འཛོམས་ཆེ་བའི་ས་ཁོངས་སུ་སྒོར་དབྱིབས་སྒྲོམ་གཞི་དང་མཛེས་ལྗོངས་དངོས་པོ་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། གཉེན་བསུ་ཟམ་པའི་བྱང་ངོས་དང་། གཙང་རལ་ཟམ་པའི་ལྷོ་ངོས་སུ་རིག་གནས་གསར་གཏོད་གླིང་དོ་དམ་ཨུ་ལྷན་གྱིས་སྔར་ཡོད་ཀྱི་སྒོར་དབྱིབས་སྒྲོམ་གཞིར་སྒྱུར་བཀོད་བྱས་ཡོད། སྒྱུར་བཀོད་བྱས་རྗེས་ཀྱི་འབྲུག་གཟུགས་སྒྲོམ་གཞིར་རྟེན་འབྲེལ་མཚོན་བྱེད་ཀྱི་ཚོན་མདོག་དམར་པོ་གཙོ་བོར་བྱས་པ་དང་རྩེ་ཐོག་སུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཞེས་པའི་ཡི་གེ་དང་གཞོགས་གཉིས་སུ་མཐུན་སྒྲིལ་དང་འཕེལ་རྒྱས་མཚོན་པའི་རི་མོས་བརྒྱན་ཡོད། ཇུས་འགོད་དེ་ལས་རྟེན་འབྲེལ་མཛད་སྒོའི་བརྗིད་ཉམས་ལྡན་པའི་ཉམས་སྣང་མངོན་ལ་ས་ཁོངས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱང་གང་ལེགས་མངོན་ཡོད། རླངས་འཁོར་དང་རྐང་ཐང་བ་དང་སྒོར་དབྱིབས་སྒྲོམ་གཞི་བརྒྱུད་ནས་འགྲོ་སྐབས་རྟེན་འབྲེལ་ལ་བསུ་བ་ཞུ་བའི་དགའ་སྤྲོའི་རྣམ་པ་དང་ལོ་རྒྱུས་ཀྱིས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག
བོད་ལྗོངས་ཚེ་མཆོག་གླིང་རིག་གནས་བློ་གསར་མ་འཇོག་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་བསྟན་འཛིན་སྙན་གྲགས་ཀྱིས་སྒོར་དབྱིབས་སྒྲོམ་གཞིའི་ལྟེ་བའི་ནུས་པ་ནི་མཛད་སྒོའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྟེན་འབྲེལ་མཛད་སྒོའི་རྣམ་པ་གཏོད་རྒྱུ་དེ་རེད། དེའི་ཚོན་མདོག་ནི་གཞི་ཁྱོན་ཆེན་པོས་དམར་པོ་གཙོ་བོར་བྱས་པ་དང་སེར་པོ་མཉམ་དུ་བསྲེས་ནས་ཆ་འགྲིག་རྣམ་པའི་གྲུབ་ཆ་ཞིག་ཆགས་པ་དེས་བརྗིད་ཉམས་ལྡན་པའི་རྣམ་པ་མངོན་པར་མ་ཟད། ད་དུང་དགའ་སྟོན་གྱི་རྣམ་པ་བརྒྱུད་སྤྲོད་དང་མཛད་སྒོའི་རྣམ་པའང་མངོན་ཡོད་ཅེས་བཤད། དེ་དང་ཆབས་ཅིག་ཕོ་བྲང་པོ་ཏ་ལའི་བཟོ་དབྱིབས་དང་། ཁ་བཏགས། སྐལ་བཟང་མེ་ཏོག ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་མཚོན་རྟགས་ཚུད་པའི་མཛེས་རྒྱན་གཞི་རྒྱུ་དུས་ཚོད་དམ་འཛིན་གྱིས་བཟོ་བཞིན་ཡོད་པ་རེད། མཛེས་རྒྱན་གཞི་རྒྱུ་དེ་དག་ལྷ་ས་གྲོང་ཁྱེར་གྱི་ལམ་ཁ་དང་། སྤྱི་གླིང་། རིག་གནས་ཐང་ཆེན་སོགས་སུ་བཀོད་སྒྲིག་བྱས་ཡོད། དེ་དག་གིས་བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60ཡི་འཕེལ་རྒྱས་ལོ་རྒྱུས་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ་དང་གཟི་བརྗིད་མཉམ་སྤྱོད་བྱེད་པའི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་གྱི་རྣམ་པའང་བརྒྱུད་སྤྲོད་བྱས་ཡོད། རིག་གནས་བློ་གསར་གླིང་ཁུལ་དང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་སོགས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཐོག་ཁ་དང་ཚོང་དུད་ཀྱི་སྒོ་འགྲམ་དུ་བཀལ་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།དམར་མདོག་གི་དར་ཆ་དང་སྔོ་མདོག་གི་ནམ་མཁའ་གཉིས་ཕན་ཚུན་འཕྲོ་བར་བྱས་ཏེ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་སུ་གྱུར་ཡོད།
རིག་གནས་བློ་གསར་གླིང་ཁུལ་གྱི་ཚོང་དུད་སྐུ་ཞབས་ཀུའོ་ལགས་ཀྱིས་ཉེ་ཆར་ལྷ་སའི་ཕྱོགས་གང་སར་རྣམ་པ་གསར་རྐྱང་དུ་གྱུར་ཡོད། རྣམ་པ་དེ་དག་མཐོང་སྐབས་ང་ཚོའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ལ། དུས་རབས་བཟང་པོ་འདི་ལྟ་བུར་འཚོ་བ་སྐྱེལ་རྒྱུ་བྱུང་བར་སྤོབས་པ་སྐྱེ་ཡི་འདུག་ཅེས་བཤད།
མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བཞིན་ཡོད། གྲོང་ཁྱེར་ཡོངས་ཀྱི་བཀྲ་ཤིས་པའི་རྣམ་པ་དེ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱས་པ་ཞིག་ཡིན་ལ་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་དེ་བས་རྒྱང་ལྟ་བྱས་པ་ཞིག་ཀྱང་ཡིན། སྐར་ལྔའི་དར་དམར་དང་སྒོར་དབྱིབས་སྒྲོམ་གཞིའི་རྣམ་པའི་ཁྲོད་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བརྗིད་ཆགས་ཡིད་འོང་གི་རྣམ་པ་འགྲེམས་སྟོན་བྱས་ཏེ་ཐུན་མོང་ཐོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社