ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན་གྲོང་ཁྱེར་སྲིད་གྲོས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། ཏང་ཕྱིའི་མི་སྣ། ཨུ་ཡོན་བཅས་ཀྱི་ཇ་སྟོན་ཚོགས་འདུ་འཚོགས་པ་དང་ཚང་མ་མཉམ་དུ་འཛོམས་ཏེ་ལོ་ངོ་60རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་དང་། སུང་ལེའུ་ཀྲུ། ལུའུ་ཝེ་ཧྲེང་བཅས་ཀྱིས་ཚོགས་འདུར་ཞུགས་པ་དང་ཡུའེ་གོ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཇ་སྟོན་ཚོགས་འདུའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་དྲོ་སྐྱིད་ལྡན་པ་ཞིག་ཡོད། རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོར་ཚོར་སྣང་ཟབ་མོ་བྱུང་བས། རང་ཉིད་བོད་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་བརྗེད་པར་དཀའ་བའི་ལོ་རྒྱུས་མཉམ་སྤྱོད་བྱས་ཏེ་བོད་ཀྱི་འགྱུར་ལྡོག་ཆེན་པོར་སྤོབས་སེམས་ཆེན་པོ་སྐྱེས་པར་མ་ཟད། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད། ཏང་ཕྱིའི་མི་སྣ་དང་ཚོགས་འདུར་བཅའ་སྡོད་ཨུ་ཡོན་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་བཅངས་པའི་གདེང་ཚོད་དང་མཛེས་སྡུག་ལྡན་པའི་སྨོན་འདུན་མཚོན་པར་བྱས་ཡོད།
ཇ་སྟོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། སུང་ལིའུ་ཀྲུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社