分享按钮

ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་དང་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

ཝང་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་དང་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པའི་མཛད་སྒོ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་སྤྱི་གཞོན་པ་ཝང་ཆང་དང་། ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཝང་ཧྲུའུ་ཆའོ། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ཧང་ཀྲང་ཆང་པོ་མིང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཆང་གིས་ཀྲུང་དབྱང་ཁེ་ལས་གཉིས་ཀྱིས་མཛེས་སྡུག་ལྡན་པའི་སྦྲེལ་མཐུད་གང་སར་ཁྱབ་ཅེས་པའི་འགན་འཁྲི་འཁུར་སེམས་འདོན་སྤེལ་གང་ལེགས་བྱས་ཏེ་སྦྲག་སྲིད་འབྱུང་འཕྲོད་དང་སྦྲག་སྲིད་ཀྱི་གསོག་འཇོག་ནུས་པ་གངས་ལྗོངས་ས་གཞིར་ཁྱབ་པར་བྱས་ནས་དཔལ་འབྱོར་གྱི་ཁྲག་རྒྱུན་ཤར་གཏོང་དང་། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར། གྲོང་གསེབ་དར་རྒྱས་ལ་རམ་འདེགས་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་གནང་བ་རེད།

ཝང་ཆང་གིས་ད་ཐེངས་ཀྱི་མཉམ་ལས་བརྒྱུད་ལྷ་སའི་སྦྲག་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་ལས་གཉིས་ཁེ་དང་། ཐུན་མོང་གི་ཁེ་ཕན། ཁེ་ཕན་མང་པོ་བཅས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་པ་སྟེ། གཅིག་ནི་དེང་རབས་ཟོག་འགྲེམས་ཀྱི་ཚད་ཤིང་གསར་པ་མཉམ་དུ་བསྐྲུན་ནས་ཕྱི་རྒྱལ་གྱི་མཛོད་ཁང་དང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན། དེ་བཞིན་དྲ་ཐོག་ལས་སྟེགས་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དེང་རབས་ཅན་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྱོང་གཏིང་ཟབ་བྱེད་དགོས་པ་དང་། གཉིས་ནི་ཁྱད་ལྡན་ཐོན་ལས་ཀྱི་སྒུལ་ནུས་གསར་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སྦྲག་སྲིད་དང་རིག་གནས་ཡུལ་སྐོར་སོགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས་པ། གསུམ་ནི་ཀུན་ཕན་དངུལ་རྩའི་བར་མཐོངས་གསར་པ་རྒྱ་སྐྱེད་བཏང་ནས་ཞིང་གསུམ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འཇུར་མིག་ནུས་ཤུགས་ཡོད་རྒུས་བསལ་ནས་དངུལ་རྩའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནི་དམངས་འཚོའི་ཞབས་ཞུའི་རྣམ་པ་གསར་པ་མཉམ་དུ་བཏོད་དེ་དངོས་ཟོག་གཏོང་དཀའ་བ་དང་སྦྲག་གླ་མཐོ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་ནས་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བར་ཕན་པ་ཐོབ་པར་བྱེད་དགོས་ཞེས་གསུངས་གནང་བ་རེད།

ཝང་ཧྲུའུ་ཆའོ་དང་ཆང་པོ་མིང་གིས་ད་ཐེངས་ཀྱི་གན་རྒྱ་འཇོག་རྒྱུ་གོ་སྐབས་སུ་བྱས་ཏེ་རང་འགུལ་ངང་ལྷ་སའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་པ་དང་། རྩེ་གྲ་བཞི་གཅིག་ཏུ་སྒྲིལ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྦྲག་སྲིད་དམངས་ཕན་ལ་བརྟེན་ནས་གྲོས་མཐུན་དོན་ཚན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ལྷ་ས༙འི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 ཝང་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 6 6 拉萨日报藏文 c206502.html 1 ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་དང་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ། /enpproperty-->