ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་5ཉིན། དབྱར་ཁའི་གུང་གསེང་མཇུག་འགྲིལ་ལ་ཉེ་བ་དང་སློབ་དུས་གསར་པ་འཆར་ཉེར་ཡོད་པ་དང་བསྟུན་ནས་བདུན་གཅིག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཇུས་འགོད་ཞིབ་ཚགས་བྱས་ནས་སྡེ་ཁུལ་གྱི་ཆེད་དུ་བསམ་བློ་གཏོང་བ་དང་། བྱིས་པས་སྤྲོ་སྣང་ལོངས་སྤྱོད་བྱེད་ཅེས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སློབ་ཚན་གྱི་དབྱར་ཁའི་གུང་གསེང་གི་དམིགས་བསལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོར་རྣམ་པ་གསར་པའི་དབྱང་གསེང་མཇུག་བསྡུ་བའི་བྱེད་སྒོ་ཞིག་བཏོད་ནས་ཁོངས་གཏོགས་ཁུལ་གྱི་ཁྱིམ་བདག་ཚོར་དབྱར་གསེང་རིང་ཕྲུ་གུར་ལྟ་རྟོག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
བྱེད་སྒོ་དེ་སྤྲོ་སྣང་ལྡན་པའི་རོལ་རྩེད《མིག་བཀག་ནས་བྱེ་རིལ་ཧབ་ཐོབ་རྒྱག་པ》ཞེས་པའི་འགྲན་སློང་ཆེན་མོའི་ཁྲོད་དངོས་སུ་འགོ་ཚུགས་པ་དང་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས། དེ་རྗེས་སྡེ་ཁུལ་གྱི་ལས་དོན་པས་ཆུའི་ནང་བྱིང་བར་སྔོན་འགོག་གི་བདེ་འཇགས་སློབ་གསོའི་བརྙན་ཐུང་དང་སློབ་གྲྭའི་ནང་གི་བརྙས་བཅོས་ལ་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་པར་གཞི་རིམ་པ་བཞིན་དུ་བསྟན་ཞིང་། གསོན་ཉམས་དོད་པའི་འགུལ་རིས་ལ་འགྲེལ་བཤད་བརྒྱབ་པ་བརྒྱུད་ནས་ཕྲུ་གུ་ཚོར་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་རེད། ཁྱིམ་བདག་མཚམས་གཅོད་སྒྲོལ་མས་སྡེ་ཁུལ་གྱི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སློབ་ཚན་ལས་ང་ཚོར་ཕན་པ་ཆེན་པོ་བྱུང་། ང་ཚོའི་ཁུལ་ཆུང་དུ་ཕྲུ་གུ་ཚང་མར་རྒན་རྒོན་གྱིས་ལྟ་རྟོག་བྱེད་ཀྱི་ཡོད་པས་གང་འདྲ་བྱས་ནས་སློབ་ཚན་ཟུར་ཁྲིད་བྱེད་དགོས་མིན་ཤེས་ཀྱི་མེད། འོན་ཀྱང་ང་ཚོའི་ལས་ཀ་བྲེལ་བ་ཆེ་པས་ཁོམ་པ་མེད་པ་དང་། སྡེ་ཁུལ་གྱིས་སྤེལ་བའི་བྱེད་སྒོ་དེ་ཧ་ཅང་ཡག་པོ་འདུག ཕྲུ་གུ་བསྐྱལ་རྗེས་ཁོང་ཚོས་ཟུར་ཁྲིད་བྱེད་རོགས་བྱེད་པར་མ་ཟད། ད་དུང་དཀའ་ངལ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཀྱི་ཡོད། རྗེས་སུ་བྱེད་སྒོ་འདི་འདྲ་མང་ཙམ་སྒྲིག་འཛུགས་བྱེད་རོགས་ཞེས་བཤད་པ་རེད།
རྗེས་མར་བདུན་གཅིག་སྡེ་ཁུལ་གྱིས་བྱིས་པའི་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པ་དང་། བྱིས་པའི་དགོས་མཁོར་དམིགས་པ། ཞབས་ཞུའི་ནང་དོན་ལེགས་སུ་གཏོང་བ། སྣ་མང་ཅན་གྱི་འཚར་ལོངས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་བྱིས་པ་ཕྱོགས་ཡོངས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社