ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ནས་10ཉིན་བར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་དྲུག་པ་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་བཅས་སུ་གཉེར་རྒྱུ་ཡིན་པ་རེད། མིག་སྔར། འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་གྲུབ་ཟིན་ཡོད།
ད་ཐེངས་ཀྱི་འགྲན་བསྡུར་ནང་མཛེས་སྡུག་ལྡན་པའི་གཞུང་ལམ་ཐོག་རྐང་འཁོར་བཞོན་ཏེ། ཧི་མ་ལ་ཡར་སྐོར་བ་རྒྱག་ཅེས་པ་འབོད་ཚིག་ཏུ་བྱས་ཤིང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་རྐང་འཁོར་དབྱིངས་པ་ཚོར་རྩེར་སོན་རྩལ་འགྲན་དང་ལྟད་མོའི་གསོལ་སྟོན་གཟབ་རྒྱས་ཤིག་གཉེར་རྒྱུ་དེ་རེད། སྐབས་གོང་མ་དང་བསྡུར་ཚེ་དཔུང་ཁག་གི་ཞུགས་འཐུས་དང་། རྩལ་འགྲན་གྱི་ཆུ་ཚད། འགྲན་བསྡུར་གྱི་ཚད་མཐུན་སོགས་ཀྱི་ཐད་སྤུས་ཚད་མཐོ་རུ་ཕྱིན་ཡོད།
འགྲན་བསྡུར་གྱི་སྤྱི་ཁྱབ་ལྟ་ཞིབ་པ་རྒྱལ་མཚན་གྱིས་འདི་ལོ་ང་ཚོས་ཀྲུང་ཧྭ་ཆེན་མོའི་མི་སྒེར་གྱི་བྱ་དགའ་ཡག་ཤོས་ཏེ་འོག་འཇུག་དམར་པོ་ཞེས་པའི་བྱ་དགའ་ཁ་སྣོན་བརྒྱབ་པ་དེ་ན་ནིང་དང་བསྡུར་ཚེ་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་འགྲན་བསྡུར་གྱི་རིམ་པ་ན་ནིང་གི་2.2ནས་འདི་ལོའི་2.1བར་འཕར་ནས་འགྲན་བསྡུར་གྱི་ཚད་གཞི་སྔར་བས་མཐོ་རུ་ཕྱིན་ཡོད་ཅེས་བཤད།
འགྲན་བསྡུར་གྲ་སྒྲིག་བྱེད་རིང་།འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ་འགྲན་ལམ་ཇུས་འགོད་ནས་ཞབས་ཞུ་ཁག་ཚང་མ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འགྲན་བསྡུར་བདེ་བླག་ངང་གཉེར་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད། རྒྱལ་མཚན་གྱིས་འགྲན་བསྡུར་གྱི་དུས་འགོར་ང་ཚོས་ལམ་ཐིག་ལ་རྟོག་ཞིབ་ཡང་ཡང་བྱས་ཡོད། རླངས་འཁོར་རུ་ཁག་གི་གདན་ཞུ་དང་དེ་བཞིན་ལག་རྩལ་འགན་ལེན་ཚོགས་པའི་གདན་ཞུའི་ཐད་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྲུང་གོ་རྐང་འཁོར་ལུས་རྩལ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པར་མ་ཟད། མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་མངགས་ནས་འགྲན་བསྡུར་གྱི་འགྲན་རྒྱུད་བཞིར་རྟོག་ཞིབ་ནན་པོ་བྱས་པ་དང་འབྲེལ།འདི་ལོའི་འགྲན་བསྡུར་གྱི་རིམ་པའི་བླང་བྱ་གཞིར་བཟུང་འགྲན་ལམ་ཚང་མར་འཆར་འགོད་ཞིབ་ཕྲ་བྱས་ཡོད་ཅེས་བཤད།
བདེ་འཇགས་འགན་ལེན་ནི་འགྲན་བསྡུར་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་གྱི་སྨན་བཅོས་འགན་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས་སྤྱི་འདོམས་བྱེད་པ། ལྷ་ས་དང་། ཉིང་ཁྲི། གཞིས་རྩེ། ལྷོ་ཁ་བཅས་ས་ཁུལ་བཞིའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གནད་སྨིན་བཀོད་སྒྲིག་ལ་མཛུབ་ཁྲིད་བྱེད་པ། འགོ་འཛུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོའི་ཡུལ་དངོས་སུ་དང་། འགྲན་བསྡུར་བྱ་ཡུལ་གྱི་ས་ཚིགས་སྒྱུར་བའི་ལམ་ཐིག བཅའ་སྡོད་མགྲོན་ཁང་། འགྲན་བསྡུར་གྱི་ལམ་རྒྱུད་བཅས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་འགན་ལེན་ས་ཚིགས་བཀོད་སྒྲིག་བྱས་ཏེ་འགག་རྩའི་ལྷུ་ཚིགས་ཚང་མར་ཁྱབ་པར་བྱས་ཡོད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲལ་སྡོམ་ཁྲུའུ་ཡི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཕུར་བུ་བསྟན་འཛིན་གྱིས་འཕྲལ་སྡོམ་གྱི་ནུས་པ་ཆེ་རུ་གཏོང་ཆེད། ས་གནས་ཁག་གིས་འགྲན་བསྡུར་གོང་སྨན་བཅོས་ས་ཚིགས་ཀྱི་སྨན་དོན་མི་སྣར་ཆེད་དོན་གསོ་སྦྱོང་བྱས་ཏེ་གློ་སྙིང་སླར་གསོ་དང་རྨས་སྐྱོན་མྱུར་སྐྱོབ་སོགས་ཀྱི་རྩལ་ནུས་གཙོ་གནད་ཐོག་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་ཁོངས་ནས་སྒྲོལ་བའི་དངོས་འཐབ་བཀོད་གཏོང་དང་ནང་སྦྱོང་སྒྲིག་འཛུགས་ཐེངས་མང་བྱས་ཏེ་ཐོལ་བྱུང་གི་གནས་ཚུལ་སྣ་ཚོགས་ལ་ནང་སྦྱོང་བྱས་ནས་ལྷུ་ཚིགས་ཁག་གི་བརྡ་ལན་མྱུར་པོ་དང་མཐུན་སྦྱོར་ནུས་ཆེ་ཡོང་བའི་འགན་ལེན་བྱས་པ་རེད། ད་ཐེངས་ཀྱི་འགན་ལེན་ནང་སྨན་བཅོས་མི་སྣ་215དང་འགན་ལེན་རླངས་འཁོར་56མངགས་གཏོང་བྱས་པ་སོགས་བརྒྱུད་རིམ་ཧྲིལ་པོར་བཀའ་བསྒུགས་ནས་ལས་རེས་བྱས་ཏེ་ང་ཚོས་ཆེད་ལས་ཀྱི་ཐག་གཅོད་དང་བཀོད་སྒྲིག་ཞིབ་ཚགས་ལ་བརྟེན་ནས་འགྲན་བསྡུར་གྱི་བདེ་ཐང་འགོག་སྲུང་འཛིང་རཊ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་དུས་ཡུན་ཉིན་5ཡིན་པ་དང་། སྤྱིའི་འགྲན་བསྡུར་གྱི་ལམ་ཚད་ལ་སྤྱི་ལེ་420.58ཡོད་པ་རེད། ཟླ་8ཚེས་6ཉིན།ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་དང་། ཟླ་8ཚེས་7ཉིན་འགྲན་བསྡུར་དངོས་སུ་འགོ་འཛུགས་རྒྱུ། ཁྱོན་འགྲན་མཚམས་བཞི་འཛུགས་རྒྱུ་བཅས་རེད། ཟླ་8ཚེས་10ཉིན་འགྲན་བསྡུར་མཇུག་འགྲིལ་རྗེས། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད། (བུ་ཆུང་དང་པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社