ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མཚན་མོའི་དཔལ་འབྱོར་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གསོན་ཤུགས་རྒྱས་པ། ཚོང་ལས་ཁུལ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཁྱད་ལྡན་འཛད་སྤྱོད་བྱེད་སྟངས་ཤིག་ཡིན་པའི་ངོས་ནས་འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་ཡོང་བའི་མིག་སྔའི་ས་གནས་ཁག་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ལྷ་སས་མཚན་མོའི་འཛད་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ་བརྒྱུད།མཚན་མོའི་ཡུལ་སྐོར་དང་། མཚན་མོའི་རོལ་རྩེད། མཚན་མོའི་འགྲན་བསྡུར་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཉི་འོད་གྲོང་ཁྱེར་གྱི་མཚན་མོར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
འོད་ཆེམ་ཆེམ་གྱི་ཐད་གཏོང་གློག་སྒྲོན་གྱིས་འདུ་འཛི་ཆེ་བའི་མཚན་མོའི་གྲོང་ཁྱེར་གསལ་བར་བྱེད་པའི་སྐབས། དྲ་ཐོག་གི་བཞུར་ཚད་དང་དྲ་ཕྱིའི་འཁྲུག་ཆ་དོད་པོ་མཉམ་འདུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་གསོན་ཤུགས་སླར་ཡང་བཏོད་པའི་རྣམ་པ་མངོན་བཞིན་ཡོད། དགོང་མོའི་ཆུ་ཚོད་བརྒྱད་པར་གསར་འགོད་པ་གྲོང་བྱང་གནམ་ས་གསར་པ་ཉོ་སྒྲུབ་ལྟེ་གནས་སུ་འབྱོར་སྐབས། གྲོང་མི་མང་ཚོགས་ཀྱིས་ཐང་ཆེན་བསྐོར་ནས་དྲ་རྒྱའི་གཙོ་སྐྱོང་བ་དང་འགྲན་ཞུགས་པ་མཉམ་དུ་མང་ཚོགས་ཀྱི་གར་སྟེགས་ཆེན་མོ་ཞེས་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་དྲ་ཐོག་དང་དྲ་ཕྱིར་ལྟད་མོ་ལྟ་མཁན་མི་མང་པོ་ཡོད་པ་རེད།
དྲ་རྒྱའི་ཐད་གཏོང་བ་ཕུར་བུ་བསྟན་འཛིན་གྱིས་བྱེད་སྒོས་ཉེ་འགྲམ་གྱི་ཚོང་དུད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཉིན་ལྟར་དགོང་མོར་འཁྲབ་སྟོན་ལ་ལྟ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པར་མ་ཟད། མང་ཚོགས་ལ་མཚན་མོའི་འགྲོ་ཡུལ་ཡག་པོ་ཞིག་ཀྱང་བཏོད་ཡོད། དེའི་ཐད་ཚན་པ་ཁག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉོ་སྒྲུབ་ལྟེ་གནས་དེའི་མཚན་ཁྲོམ་དང་མང་ཚོགས་ཀྱི་གར་སྟེགས་ཆེན་མོའི་བྱེད་སྒོ་ཟླ་7ཚེས་23ཉིན་ནས་འགོ་ཚུགས་པ་དང་ཟླ་8ཚེས་6ཉིན་བར་སྤེལ་རྒྱུ་ཡིན་པ་རེད། གྲོང་བྱང་གནམ་ས་གསར་པའི་དངོས་ཟོག་ཉོ་སྒྲུབ་ལྟེ་གནས་ཀྱི་ཁེ་ལས་འཆར་འགོད་པུའི་ཅིང་ལི་ཏེང་ལེང་ཅུན་གྱིས་བྱེད་སྒོར་མི་མང་པོའི་ཡིད་དབང་བཀུག་ཡོད་པས་མཚན་ཁྲོམ་འཁྲུག་ཆ་དོད་པོར་གྱུར་ཡོད། སླད་ཕྱིན།གྲོང་པ་ཁྱིམ་མཚེས་ལ་རྒྱུན་རྣམ་ཅན་གྱི་མཚན་མོའི་སྤྲོ་གསེང་བྱ་ཡུལ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
དྲ་གྲགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་བཏང་བའི་ཐོག་གར་སྟེགས་ཀྱི་འཁྲབ་སྟོན་དང་མཉམ་འགུལ་རོལ་རྩེད་སོགས་ཀྱི་གཞི་རྒྱུ་བསྣན་ནས་མཚན་ཁྲོམ་འདི་ཉིད་ཟས་རིགས་ལ་ལོངས་སྤྱོད་དང་ཁྲོམ་སྐོར་བའི་རྣམ་པ་རྐྱང་པ་ནས་ཞིམ་ཟས་དང་། རོལ་རྩེད། སྤྱི་ཚོགས་དང་འབྲེལ་འདྲིས། རིག་གནས་བཅས་གཞི་གཅིག་ཏུ་བསྡུས་པའི་གྲོང་ཁྱེར་གྱི་མཚན་མོའི་ཕྱོགས་བསྡུས་སྤྲོ་གསེང་བྱ་ཡུལ་དུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་འགྲམ་གྱི་གྲོང་མི་བསོད་ནམས་བདེ་སྐྱིད་ཀྱིས་ལྷ་སའི་མཚན་མོའི་འཚོ་བ་ཕུན་སུམ་ཇེ་ཚོཊ་སུ་ཕྱིན་སོང་ཞེས་བསྔཊ་བརྗོད་ཡང་ཡང་བྱས།
གཡུ་ཐོག་ལམ་གྱི་ལྟེ་བའི་ལམ་དུམ་བུར་གནས་པའི་ལྷ་སའི་མཚན་མོའི་གྲོང་དུའང་གོང་དང་འདྲ་བར་མི་ཚོགས་ཀྱིས་ཁེངས་ཤིང་། རིང་ཚད་ལ་སྨི་བརྒྱ་ཡོད་པའི་ཁྲོམ་གཞུང་དུ་བོད་ཐུག་དང་། ཇ་བསྲུབས་མ། ཕྲེང་བརྒྱུད་བསྲེགས་ཟས་སོགས་ས་གནས་ཁག་གི་ཞིམ་ཟས་སྣ་ཁ་འཛོམས་པོ་ཡོད། ཁྱད་ལྡན་ཁྲོམ་བཀྱག་169ལ་བོད་ཟས་དང་། ཁྱད་ལྡན་ཞོར་ཟས། གསར་གཏོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་བཅས་མཉམ་འདྲེས་བྱུང་ཡོད།
ཁྲོམ་ར་སྒོ་ཕྱེ་ཚུན། ལྷ་སའི་མཚན་མོའི་གྲོང་དུ་ཉིན་ལྟར་མི་ཚོགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་གྲོང་ཁྱེར་གྱི་འཛད་སྤྱོད་དང་རིག་གནས་ཡུལ་སྐོར་གྱི་སྐུ་མགྲོན་མང་པོའི་འགྲོ་ཡུལ་དུ་གྱུར་ཏེ། ས་གནས་འདི་གའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་མི་དང་ཡུལ་སྐོར་བའི་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ངག་དབང་ཚེ་རིང་གིས་ལྷ་སས་དར་རྒྱས་དང་གོ་རིམ་ལྡན་པའི་མཚན་མོའི་དཔལ་འབྱོར་སྐྱེད་སྲིང་ཧུར་ཐག་བྱེད་བཞིན་ཡོད། རིག་གནས་ལ་བརྟེན་ནས་སྤུས་རྟགས་གཏན་འཁེལ་དང་། བར་མཐོངས་ལ་བརྟེན་ནས་སྐུ་མགྲོན་གྱི་གྲངས་འབོར་མང་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉམས་ལེན་བཅས་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་པ་དང་ཕུན་སུམ་ཚོགས་པའི་མཚན་མོའི་འཛད་སྤྱོད་བྱ་ཡུལ་བཏོད་ནས་ཉི་འོད་གྲོང་ཁྱེར་གྱི་མཚན་མོར་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུཊ་ལྡན་པར་བྱས་ཡོད་ཅེས་བཤད།
མཚན་མོའི་དཔལ་འབྱོར་གྱིས་གྲོང་ཁྱེར་གྱི་འཛད་སྤྱོད་ཆུ་ཚད་ལ་ཞིབ་བསྡུར་བྱེད་པར་མ་ཟད། གྲོང་ཁྱེར་གྱི་དར་རྒྱས་ཀྱི་ཚད་གཞི་དང་བསམ་པའི་དོན་གཉེར་ཡང་དེ་བས་མངོན་ཡོད། ད་ཆ་ལྷ་སའི་སྣ་མང་ཅན་དང་མཉམ་འདྲེས་ཅན་གྱི་མཚན་མོའི་འཛད་སྤྱོད་བྱ་ཡུལ་གྱིས་ས་གནས་འདི་གའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社