ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་28ཉིན། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཕྱོགས་མང་ཐོག་ནས་ལྷ་སར་གླེང་མོལ་བྱེད་རེས་བྱེད་ཅེས་པའི་དབོན་ཞང་རྡོའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་རིག་པའི་བྱེད་སྒོ་བདེ་བླག་ངང་སྤེལ་ཞིང་། ཆེད་ལས་གནའ་རྫས་རྟོག་ཞིབ་པའི་སྣེ་ཁྲིད་འོག་སློབ་གྲྭ་འབྲིང་ཆུང་གི་སློབ་མ་19ཐུ་བྷོད་སྐབས་ཀྱི་གནའ་ཤུལ་གལ་ཆེན་དབོན་ཞང་རྡོའི་གནའ་ཤུལ་གནས་ཡུལ་དུ་བསྐྱོད་དེ་ཡུལ་དངོས་སུ་རྩད་འཚོལ་དང་མཉམ་འགུལ་ཉམས་ལེན་བྱས་པ་བརྒྱུད།ས་མཐོའི་ལོ་རྒྱུས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས་བརྒྱུད་རིམ་ལྡན་པའི་ངང་རིག་དངོས་གནའ་རྫས་རྟོག་ཞིབ་དང་དེང་རབས་ཞིང་ལས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྤེལ་བའི་གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་རྣམ་གྲངས་ཐོག་མ་དེ་རེད། དེའི་ནང་ཞུགས་མཁན་སློབ་མ་ཚོས་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ལས་རོགས་པ་འབྲུག་སྐྱིད་ཀྱི་མཛུབ་ཁྲིད་འོག་ཡུལ་དངོས་སུ་གནའ་རྫས་རྟོག་ཞིབ་སྔོག་འདོན་ཁུལ་དང་ལད་ཟློས་སྔོག་འདོན་གྱི་བརྒྱུད་རིམ་ལ་ལྟ་སྦྱོང་བྱས་པ་རེད། ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གི་དམའ་རིམ་ལོ་རིམ་གཉིས་པའི་སློབ་མ་ཕུན་ཚོགས་རྡོ་རྗེས།ངས་ལོ་ངོ་སྟོང་ཕྲག་གོང་གི་རྫ་ལེབ་ལ་རེག་པ་ཡིན། དེ་ལས་ང་ཚོའི་མེས་པོ་རྣམས་ཀྱི་འཚོ་བའི་རྣམ་པ་མཐོང་བའི་སྣང་བ་ཞིག་བྱུང་ཞེས་བཤད།
དེའི་རྗེས་ཞིབ་འཇུག་སློབ་སྦྱོང་ཚོགས་པ་དང་བཅས་པ་ཤུག་གསེབ་ཚལ་སྣེའི་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་དེང་རབས་ཞིང་ལས་ཚན་རིག་ཁྱབ་གདལ་ཁང་དང་བོད་སྨན་ཁང་སོགས་སུ་སློབ་མ་ཚོས་ས་མཐོའི་ཁྱད་ལྡན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཐད་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་ཡོད།
བྱེད་སྒོ་གཉེར་མཁན་ཕྱོགས་ཡིན་པའི་བོད་ལྗོངས་ཡུལ་སྐོར་མ་འཇོག་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་ལས་དོན་པ་སྐལ་བཟང་གཡང་འཛོམས་ཀྱིས། དབོན་ཞང་རྡོའི་གནའ་ཤུལ་ལམ་ཐིག་ཕུད་ད་དུང་ལྷ་སའི་གནའ་གྲོང་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་ཇུས་འགོད་ཀྱང་བྱས་ཡོད་པས་བྱེད་སྒོའི་ནང་དོན་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
དབོན་ཞང་རྡོའི་གནའ་ཤུལ་དེ་ཐུ་བྷོད་སྐབས་ཀྱི་ཨར་སྐྲུན་གནའ་ཤུལ་ཡིན་པའི་ངོས་ནས་2021ལོ་ནས་བཟུང་།ཧྲའན་ཞི་དང་བོད་ལྗོངས་མཉམ་འབྲེལ་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱས་ཡོད། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་འགན་འཁུར་བས། རྗེས་སུ་རིག་དངོས་བཀོལ་སྤྱོད་གཏིང་ཟབ་ཏུ་བཏང་ནས་གནའ་རྫས་རྟོག་ཞིབ་དང་ཚན་རྩལ་དང་ལོ་རྒྱུས་དང་འབྱུང་ཁམས་ཀྱི་གཙོ་དོན་ཞིབ་འཇུག་ཐོན་རྫས་དེ་བས་མང་བ་འདོན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社