(པར་ངོས་དང་པོར་མཐུད)ལོ་འཁོར་མོར་རྒྱུན་ཆད་མེད་པར་སྒོ་མོ་ཕྱེ་བའི་ཀ་པ་རིམ་པ་གསུམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིར་གྱུར་ཡོད།
ཟླ་7ཚེས་19ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཉང་བྲན་ལམ་སྨན་ཁང་དང་གཡུ་ཐོག་ལམ་སྨན་ཁང་གི་སྒོ་བསྟེན་སྨན་ཁང་ཕྱོགས་ཡོངས་ནས་སྒོ་ཕྱེ་ཞིང་། དམངས་ཕན་བྱ་ཐབས་གལ་ཆེན་དེའི་དམིགས་ཡུལ་ནི་ས་མཐོའི་མང་ཚོགས་ཀྱི“དུས་ཆེན་དང་གུང་གསེང་རིང་སྨན་པ་བསྟེན་དཀའ་བའི”གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཚོར་དེ་བས་དུས་ཐོག་དང་། སྟབས་བདེ། སྤུས་ལེགས་བཅས་ཀྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་དེ་རེད།
སྨན་བཅོས་བྱེད་འགོ་ཚུགས་པའི་ཉིན་དེར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གཡུ་ཐོག་ལམ་གྱི་སྒོ་བསྟེན་སྨན་བཅོས་ཚོམས་ཆེན་དུ་གསར་འགོད་པས་སྨན་བཅོས་བྱེད་པར་ཡོང་མཁན་ནད་པས་སྨན་བཅོས་སྣེ་ཤན་པའི་ཁྲིད་སྟོན་འོག་ཨང་ཐོ་འགོད་པ་དང་། སྨན་བཅོས་བྱེད་པ། སྨན་རིན་སྤྲོད་པ་སོགས་ས་ཁོངས་ཁག་ཏུ་བསྐྱོད་པ་མཐོང་བྱུང་། ཚན་ཁག་ཁག་གི་ནད་བརྟག་ཁང་དུ་སྐྱོད་སྐབས་སྨན་པ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ནད་པར་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད། གཟའ་མཇུག་དང་དུས་ཆེན་གང་ཡིན་རུང་ནད་པས་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་ཆེན་རིང་ངལ་གསོ་མེད་པའི་སྒོ་བསྟེན་སྨན་ཁང་བཙུགས་རྗེས།ཚན་ཁག་ཚང་མས་ལས་བགོས་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་དམའ་རུ་མི་འགྲོ་བ་དང་ནད་པར་དགོས་མཁོ་ལྟར་སྨན་བཅོས་ཐུབ་པའི་འགན་ལེན་བྱས་ཡོད། སྨན་ཁང་གིས་ཀྱང་དུས་ཆེན་དང་ངལ་གསོའི་རིང་གི་ནད་པ་མང་ཉུང་ལ་ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱས་ཏེ།བབ་བསྟུན་ངང་སྨན་པའི་ཁ་གྲངས་ཁ་སྣོན་བྱས་ནས་ཞབས་ཞུའི་ལས་ཕྱོད་ཆེ་ཤོས་ལ་འགན་ལེན་བྱ་རྒྱུ་རེད། གཞན་ཡང་དུས་ཆེན་དང་ངལ་གསོའི་རིང་གི་ལས་རེས་བཀོད་སྒྲིག་རེའུ་མིག་གཟའ་འཁོར་གཅིག་གི་སྔ་སྣུར་དུ“བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས”ཀྱི་འཕྲིན་ཕྲན་སྤྱི་སྟེགས་དང་སྨན་ཁང་ནང་གི་གློག་རྡུལ་བརྙན་ཤེལ་སོགས་ཀྱི་ཐབས་ལམ་བརྒྱུད་ཁྱབ་བསྒྲགས་བྱས་ཏེ་ནད་པ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་རེད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒོ་བསྟེན་སྨན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་གཡང་གིས།ང་ཚོས་དུས་ཆེན་དང་ངལ་གསོའི་རིང་གི་སྒོ་བསྟེན་སྨན་ཁང་གི་འཁོར་སྐྱོད་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ཏེ།ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དམངས་ཕན་གྱི་བྱ་ཐབས་དེ་བརྟན་པོ་དང་། ནུས་ཆེ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་དང་།“ལོ་ཧྲིལ་པོར་ངལ་གསོ་མེད་པ་དང་བདེ་ཐང་ཐད་རྒྱུན་ཆད་མེད་པར་སྲུང་སྐྱོང་བྱེད་པའི”ཁས་ལེན་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།(སྟོབས་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社