ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སི་འཛུགས་རྒྱུའི་ཚོཊ་ཆེན་པེ་ཅིང་དུ་འཚོཊ་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཀྲང་གོ་ཆིང་ཀུང་སི་འཛུགས་པའི་ཚོགས་འདུར་ཕེབས་པ་དང་འབྲེལ་སྒོ་བྱང་གི་ཡོལ་བ་ཡང་ཕྱེ་ཡོད།
ཀྲང་གོ་ཆིང་གིས་ནན་གསུངས་གནང་དོན།ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སི་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡར་ཀླུང་གཙང་པོའི་ཆུ་གློག་ལས་གྲྭ་བདེ་བླག་ངང་འཛུགས་སྐྲུན་དང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལས་གྲྭའི་རྩ་འཛུགས་དོ་དམ་དང་འཛུགས་སྐྲུན་ལག་བསྟར་ཞིབ་ཚགས་བྱེད་པ། སྤུས་ཚད་སྔོན་ལ་འཇོག་པ་དང་བདེ་འཇགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རྩལ་འགག་སྒྲོལ་དང་འབྱུང་ཁམས་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ།ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ལེབ་སྙོམས་ཅན་དང་ལས་ཕྱོད་ཆེ་བའི་དོ་དམ་སྒྲོམ་གཞི་འཛུགས་པ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བཀོད་འདོམས་བཀོད་གཏོང་མ་ལག་འཛུགས་པ། ལས་གྲྭ་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པའི་དཔྱད་ཞིབ་ལྕག་སྐུལ་ལམ་སྲོལ་དང་དཔུང་ཁག་དོ་དམ་མ་ལག་འཛུགས་པ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཅིག་གྱུར་ནུས་ལྡན་བྱས་ཏེ་ཀུང་སིའི་ཏང་ཙུས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པའི་དུས་རབས་ཀྱི་ལས་གྲྭ་དང་ཚད་ཤིང་ལས་གྲྭར་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། དེ་བཞིན་རིགས་གཅིག་མཁས་ཅན་དང་ལས་བཟོ་བའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社