ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཉིང་ཁྲི་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན་གྱི་སྔ་དྲོར། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་ལས་འགོ་འཛུགས་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ལས་གྲྭ་དངོས་སུ་ལས་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
ཉིན་དེའི་ཆུ་ཚོད་9པ་ཙམ་ལ་ལས་འགོ་འཛུགས་པའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཆུ་ཤུགས་གློག་ཁང་གི་ཆུ་རགས་གནས་ཡུལ་དུ་འཚོགས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྣམ་གྲངས་གཙོ་བོ་སྐྲུན་མཁན་ཀྲུང་གོ་ཡར་ཀླུང་གཙང་པོའི་ཚོགས་པ། རྣམ་གྲངས་ཀྱི་ཞིབ་འཇུག་དང་། ཚོད་ལྟ། འཛུགས་སྐྲུན་བཅས་ནང་ཞུགས་མཁན་ཚན་པའི་འཐུས་ཚབ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀྲུང་སི་དང་བོད་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
ལི་ཆང་གིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འགོ་ཚུགས་པ་དང་ལས་གྲྭ་འཛུགས་སྐྲུན་དངོས་སུ་བྱེད་འགོ་འཛུཊ་རྒྱུའི་ཁྱབ་བསྒྲཊ་གནང་བ་རེད།
ཝུའུ་ཀྲེང་ལུང་གིས་ལས་འགོ་འཛུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་གྱི་ཆེད་ལས་མཁས་པའི་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན། རྣམ་གྲངས་ཞིབ་འཇུག་དང་། ཚོད་ལྟ། འཛུགས་སྐྲུན་བཅས་ནང་ཞུགས་མཁན་གྱི་ཚན་པ། ས་གནས་དེ་གའི་མང་ཚོགས་ཀྱི་འཐུས་མི་སོགས་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།
ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གནས་ཤིང་། སྐས་རིམ་གློག་ཁང་5བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི་1.2ཙམ་བཏང་ཡོད། ལས་གྲྭའི་གློག་ཤུགས་གཙོ་བོ་ཕྱིར་གཏོང་འདྲེན་སྤྱོད་བྱ་རྒྱུ་ཡིན་པ་དང་ཆབས་ཅིག་བོད་ཀྱི་ས་གནས་དེ་གའི་དགོས་མཁོ་ཡང་སྐོང་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社