ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གིས་དུག་རྫས་ངོས་འཛིན་དང་། དུག་རྫས་འགོག་པ། དུག་རྫས་སྤོང་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་དུག་མེད་སློབ་གྲྭའི་ཁོར་ཡུག་གཏོད་ཆེད། ཟླ་6ཚེས་30ཉིན། 2025ལོའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པར་དོགས་ཟོན་གཙོ་དོན་དུ་བྱས་པའི་ཁྲིད་སྟོན་འོག་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་གཉིས་དང་མཉམ་དུ་རང་གྲོང་དུ་ལང་ཚོའི་དུག་འགོག་བྱ་སྤྱོད་གཙོ་དོན་དུ་བྱས་པའི་གཞོན་ནུ་ལོ་ཆུང་གི་དུག་འགོག་སྐོར་གྱི་གཏམ་བཤད་འགྲན་བསྡུར་གཉེར་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་8ཀྱི་སློབ་མ་ཧུར་ཐག་ཞུགས་ཡོད་ཅིང་། འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པ་ཚོས་གྱོད་དཔེ་ངོ་མ་བརྒྱུད་དེ་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་གསོན་ཉམས་དོད་པོས་རྒྱས་བཤད་བྱས་ཡོད། བདམས་ཐོན་པ་ལ་ལས་དུག་འཐེན་པའི་རྐྱེན་གྱིས་ཁྱིམ་ཚང་ཐོར་ཞིག་ཏུ་སོང་བའི་སྐྱོ་གར་བཤད་པས་ཉན་མཁན་རྣམས་ཀྱིས་དུག་རྫས་ཀྱི་གནོད་འཚེར་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། ལ་ལས་རང་ཉིད་འཚར་ལོངས་ཀྱི་ཐད་ནས་འགོ་བརྩམས་ཏེ། སློབ་གྲོགས་ཚོར་དོགས་ཟོན་ཆེར་སྐྱེད་དང་། རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་དུག་རྫས་ཀྱི་བསླུ་བྲིད་དང་རིང་དུ་ཁ་གྱེས་དགོས་པའི་འབོད་སྐུལ་བྱས་ཡོད། ཁོང་ཚོས་དཔའ་ངར་ཆེན་པོའི་ངང་གཏམ་བཤད་ལྷུག་པོར་བརྗོད་པས་སྡིངས་ཆའི་འོག་གི་དགེ་སློབ་ཚོའི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་བདམས་ཐོན་པ་སྐྱིད་འཛོམས་ཀྱིས་དེ་རིང་ངས་ངེད་སློབ་གྲྭའི་ཚབ་ཞུས་ནས་གཞོན་ནུ་ལོ་ཆུང་གི་དུག་འགོག་གཏམ་བཤད་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་སྐྱེས་བྱུང་། འགྲན་ཞུགས་པ་རེ་རེའི་མཚོན་ཚུལ་ལེགས་པ་དང་། ངས་ཁོ་ཚོའི་ས་ནས་གནས་ལུགས་མང་པོ་ཤེས་བྱུང་། ཐེངས་འདིའི་འགྲན་བསྡུར་བརྒྱུད་ནས་ངས་དུག་རྫས་ཀྱི་གནོད་འཚེར་སྔར་ལས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ། རིག་པ་དྭངས་གསལ་གྱི་སྒོ་ནས་དུག་རྫས་སྤངས་ནས་རང་ཉིད་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་བཤད།
འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། དཔྱད་འདེམས་ཨུ་ཡོན་ཚོས་གཏམ་བཤད་ཀྱི་ནང་དོན་དང་། སྐད་ཆ་ཤོད་སྟངས། བརྩེ་སེམས་བརྒྱུད་སྤྲོད་སོགས་ཕྱོགས་མང་པོའི་ཐད་ནས་ཕྱོགས་བསྡུས་སྐར་གྲངས་དཔྱད་འདེམས་བྱས་པ་དང་། མཐར་རིམ་པ་དང་པོའི་བྱ་དགའ་གཅིག་དང་། རིམ་པ་གཉིས་པའི་བྱ་དགའ་གཉིས། རིམ་པ་གསུམ་པའི་བྱ་དགའ་གསུམ། ཕུལ་བྱུང་གི་བྱ་དགའ་གཉིས། ཕུལ་བྱུང་གི་མཛུབ་ཁྲིད་དགེ་རྒན་གསུམ་བཅས་བདམས་པ་རེད། ལྷ་ས་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འགྲན་ཞུགས་བདམས་ཐོན་པར་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་དུག་འགོག་སྒྲོག་འགྲེལ་པའི་གདན་ཞུའི་ཡི་གེ་སྤྲད་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གཉིས་པའི་ཟིན་འགོད་པ་བསྟན་འཛིན་དཔལ་མོས་ད་ཐེངས་ཀྱི་གཞོན་ནུ་ལོ་ཆུང་གི་དུག་འགོག་གཙོ་དོན་གཏམ་བཤད་འགྲན་བསྡུར་ནི་ཡིད་དབང་འཕྲོག་ཤུགས་ཆེ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་ཞིག་རེད། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བའི་བྱེད་སྟངས་དེས་དུག་འགོག་གི་འདུ་ཤེས་དེ་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་ཁྲོད་དངོས་འབྲེལ་རྩ་བ་ཚུགས་ཐུབ་པ་དང་ཕན་འབྲས་ཐོན་ཡོད་ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོས་གཞོན་ནུ་ལོ་ཆུང་ལ་རང་ངོས་ངོམས་པའི་སྟེགས་བུ་མཁོ་འདོན་བྱས་པར་མ་ཟད། སློབ་གྲྭའི་དུག་འགོག་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་དུག་འགོག་གི་རྣམ་པ་ཟབ་མོ་ཞིག་བཏོད་དེ་དུག་མེད་སློབ་གྲྭ་དང་དུག་མེད་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། འབྱུང་འགྱུར་ཞིབ་དཔྱོད་ཁང་གིས་སློབ་གསོའི་ཚན་པ་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཐོག་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社