分享按钮

2025ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཡག་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2025ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཐད་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་དང་ནུས་ལྡན་གྱི་འདེགས་སྐྱོར་བྱས་ཡོད།

ལོ་སྟོད་དུ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་འབབ་འཕུར་ཐེངས་ཁྲི་3.4ཡི་བདེ་འཇགས་འགན་ལེན་ཐུབ་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་370དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2.6ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.2དང་། བརྒྱ་ཆ་3.0 བརྒྱ་ཆ་7.9བཅས་སོ་སོར་འཕར་ཡོད་པ་རེད། དེའི་ནང་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་དུས་གཏན་གནམ་གྲུ་འབབ་འཕུར་ཐེངས་ཁྲི་2.5ཟིན་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་290དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2.3ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.3དང་། བརྒྱ་ཆ་2.1 བརྒྱ་ཆ་8.2བཅས་སོ་སོར་འཕར་ནས་སྐྱེལ་འདྲེན་ཐོན་སྐྱེད་བརྟན་པོའི་ངང་འཕར་ཡོད་པ་རེད།

བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོ་བོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པས་ལོ་སྟོད་དུ་བདེ་འཇགས་འགན་འཁྲིའི་དོན་རྐྱེན་ཚབས་ཆེན་ཐོན་མེད། མཁའ་འགྲུལ་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་བྱ་རིགས་འགོག་པའི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་བྱ་རིགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་བརྡར་གཅོད་གང་ལེགས་བྱས་པ་དང་། མཐའ་འཁོར་གྱི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཆུ་འགོག་དངོས་འཐབ་ནང་སྦྱོང་བྱས་ནས་ཆུ་ལོག་འབྱུང་སྐབས་ཁ་གཏད་གཅོག་རྒྱུར་གྲ་སྒྲིག་ཧུར་ཐག་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ལྷ་སའི་ཉེ་བའི་དོ་དམ་ཁུལ་གྱི་རྒྱང་བསྒྲགས་རྣམ་པའི་རང་འགུལ་འབྲེལ་ཡོད་ལྟ་ཞིབ(ADS-B)དོ་དམ་ལག་རྩལ་དངོས་སུ་སྤྱོད་འགོ་ཚུགས་ནས་ཉེ་བའི་དོ་དམ་ཁུལ་གྱི་མཁའ་ཁོངས་སམ་བེད་སྤྱོད་བྱེད་ཚད་ཆེས་ཆེར་མཐོ་རུ་བཏང་བ་དང་། མཁའ་འགྲུལ་ཡོ་བྱད་ལ་སྒུག་པའི་དུས་ཚོད་ནུས་ལྡན་ངང་ཐུང་དུ་བཏང་ནས་དུས་གཏན་གནམ་གྲུའི་དུས་བཅད་འགན་ལེན་ཐུབ་ཚད་མཐོ་རུ་བཏང་ཡོད། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་བློ་རིག་བདེ་འཇགས་འགོག་སྲུང་མ་ལག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བདེ་འཇགས་ཀྱི་བཀག་རྒྱ་སྔར་བས་བརྟན་པོ་བཟོས་ཡོད་པ་རེད།

ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཁུལ་གྱི་གནམ་ཐང་གིས་ཞབས་ཞུའི་བརྒྱུད་རིམ་མུ་མཐུད་ལེགས་སུ་བཏང་ཞིང་། ཤོག་བུ་མེད་པའི་སྟབས་བདེའི་འགྲོ་སྐྱོད་དང་། ངོ་གདོང་དབྱེ་འབྱེད་ལ་བརྟེན་ནས་གནམ་གྲུའི་ནང་འཛུལ་བ། འགོག་རྐྱེན་མེད་པའི་ཞབས་ཞུ་སོགས་གསར་གཏོད་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་ནས་འགྲུལ་པའི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ་རེད། ལྷག་པར་དུས་ཆེན་དང་ངལ་གསོའི་སྐབས་འགྲོ་སྐྱོད་བྱེད་མཁན་གྱི་འགྲུལ་པ་མང་བ་དང་གནམ་གཤིས་ངན་པ་སོགས་རྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་སྐབས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ནུས་ཆེའི་མཐུན་སྦྱོར་བྱས་ཏེ་འགྲུལ་པ་བདེ་འཇགས་དང་། སྟབས་བདེ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་ཕྱིར་སྐྱོད་བྱེད་ཐུབ་པའི་འགན་ལེན་བྱེད་པ། རྒན་རྒོན་དང་། བྱིས་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་འགྲུལ་པར་དམིགས་ནས་ཆེད་མངགས་ཞབས་ཞུའི་ཇུས་གཞི་བཏོན་ཏེ་ཞབས་ཞུའི་བརྩེ་བ་དང་མི་ཆོས་དང་མཐུན་པའི་ཐུགས་ཁུར་མངོན་པར་བྱས་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 6 6 拉萨日报藏文 c204113.html 1 2025ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཡག་པོ་བྱུང་བ། /enpproperty-->