ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་གཙོ་གཉེར་གནང་བའི་2025ལོའི་རང་གྲོང་གི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེན་མོ་བདེ་བླག་ངང་མཇུག་འགྲིལ་བ་རེད། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། མི་རབས་ནས་མི་རབས་བར་མཉམ་འདྲེས་དང་རྒན་པས་ཆུང་བར་བྱམས་སྐྱོང་བྱེད་ཅེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་རྣམ་གྲངས་10ཡི་ཁྲོད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོས་སེམས་ནུས་གཅིག་ཏུ་བསྒྲིལ། དང་བླངས་ཀྱི་བྱ་སྤྱོད་མཉམ་དུ་སྤེལ་ཞེས་པ་གཙོ་དོན་དུ་བྱས་ནས་ལྷ་སའི་དང་བླངས་ཞབས་ཞུའི་ལས་དོན་ལ་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། འཕྲལ་སྡོམ་རོགས་སྐྱོབ་སོགས་ཁྱབ་ཁོངས་མང་པོར་ཐོབ་པའི་གསར་གཏོད་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད། དེའི་ནང་བྱ་དགའ་ཨང་དངོ་ཐོབ་མཁན་གྱི་མི་རབས་ནས་མི་རབས་བར་མཉམ་འདྲེས་དང་རྒན་པས་ཆུང་བར་བྱམས་སྐྱོང་བྱེད་ཅེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱིས་ཆེད་ལས་ཀྱི་སྤྱི་ཚོགས་ལས་མིའི་སྣེ་ཁྲིད་དང་རྒན་རྒོན་གྱི་སྟོབས་ཤུགས་ཀྱི་ནུས་པ་ཞེས་པ་ཟུང་འབྲེལ་གྱི་རྣམ་པ་སྤྱད་པ་དང་། གཟའ་མཇུག་ལ་འདུག་རོགས་བྱེད་པ་དང་། གཏམ་རྒྱུད་མཉམ་སྤྱོད་བྱེད་པ། སྲོལ་རྒྱུན་རིག་གནས་སློབ་ཁྲིད་བཅས་ཟུང་འབྲེལ་བྱེད་པའི་སྣ་མང་ཞབས་ཞུའི་རྣམ་པ་བརྒྱུད། མི་རབས་ནས་མི་རབས་བར་གྱི་ནུས་པ་མངོན་འགྱུར་བྱུང་ཡོད། རྣམ་གྲངས་དེས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཀའ་ངལ་ཡོད་པ་དང་གཞིས་ལུས་བྱིས་པ་177ལ་དྲོ་སྐྱིད་དང་ཐུགས་ཁུར་གནང་ཡོད།
ཡུལ་དངོས་སུ་དཔྱད་ཞིབ་བྱེད་སྐབས། རིགས་གཅིག་མཁས་ཅན་ཚོས་ལྷ་སའི་བླངས་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་ཚོས་བསྟན་དོན། ལྷ་སའི་དང་བླངས་ཞབས་ཞུ་དེ་མི་རིགས་མཐུན་སྒྲིལ་ཐད་ནང་དོན་གཏིང་ཟབ་ལྡན་པ་དང་། འཕྲལ་སྡོམ་ཞབས་ཞུའི་ཐད་ཧ་ཅང་མྱུར་པོ་འདུག གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གཉེར་བའི་དམིགས་ཡུལ་ནི་ཕུལ་བྱུང་གི་དང་བླངས་ཞབས་ཞུའི་རྣམ་གྲངས་དེ་བས་མང་བ་སྔོག་འདོན་བྱས་ནས་ཤུགས་རྐྱེན་ལྡན་པའི་དང་བླངས་ཞབས་ཞུའི་སྤུས་རྟགས་དེ་བས་མང་བ་སྐྱེད་སྲིང་བྱས་ཏེ། མི་དེ་བས་མང་བ་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུ་དེ་རེད།
2025ལོའི་རང་གྲོང་གི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགྲན་བསྡུར་ཆེན་མོ་བདེ་བླག་ངང་གཉེར་བ་དེ་ནི་ལྷ་ས་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་དང་ཞིབ་བཤེར་བྱས་པ་ཞིག་རེད། དེས་དང་བླངས་ཞབས་ཞུའི་རྣམ་གྲངས་དེ་རྣམ་གྲངས་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དང་བླངས་སྟོབས་ཤུགས་དེ་བས་ཆེ་བ་བསྣན་རྒྱུ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社