分享按钮

རང་གྲོང་གིས་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུཊ་མ་འདྲེན་གྱི་ཆེད་དོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་བྱ་ཆེད། ཟླ་6ཚེས་30ཉིན།ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་སེམས་ཀྱི་ཉི་ཟླའི་མགྲོན་ཁང་ཆེན་མོར“གྲངས་འཛིན་གྱིས་ལམ་སྣེ་ཁྲིད། ཇ་དྲི་ལས་རིག་ནུས་འདུས”ཞེས་པ་གཙོ་དོན་དུ་བྱས་པའི་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྒོ་དབྱེ་ནུས་ཆེའི་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་གཏུགས་ལས་སྟེགས་བསྐྲུན་ནས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་དེ་བཞིན་གྲངས་འཛིན་དཔལ་འབྱོར་ཁེ་ལས་ཀྱི་འཐུས་མི་10ལྷག་ཙམ་གདན་དྲངས་ཏེ།ཐོན་ལས་འཕེལ་རྒྱས་ཀྱི་སྐོར་གླེང་བ་དང་གྲངས་འཛིན་གྱི་འཆར་གཞི་མཉམ་དུ་འགོད་རྒྱུ་དེ་རེད།

བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཧ་ཅང་བག་ཕེབས་ཤིང་། སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་པོས་ལག་རྩལ་བཀོལ་སྤྱོད་དང་ཐོན་ལས་འཁོར་འབྲེལ་ལེ་ལག་ཚང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད་ཁེ་ལས་ཀྱིས་དོ་ཁུར་བྱེད་བཞིན་པའི་དྲི་བར་ལན་ཞིབ་ཕྲ་བརྒྱབ་ནས་རྗེས་མཐུད་ཀྱི་ཐོན་ཁུངས་གནད་སྨིན་སྦྲེལ་མཐུད་དང་ཐོན་ལས་འབྱུང་ཁམས་འཐུས་སྒོ་ཚང་དུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

བྱེད་སྒོའི་ཐོག་ཁེ་ལས་ཀྱིས་རྣམ་གྲངས་ཚོང་ལས་སྐོར་གླེང་བ་དང་། ས་གནས་དེ་གའི་འཕེལ་རྒྱས་སྲིད་ཇུས་གསལ་འགྲེལ། དེ་བཞིན་མཉམ་འགུལ་སྤེལ་རེས་སོཊ་ཀྱི་རྣམ་པ་བརྒྱུད། ཚོགས་ཞུགས་མི་སྣས་གྲངས་འཛིན་དཔལ་འབྱོར་ལྷ་སར་འཕེལ་རྒྱས་གཏོང་བའི་ཐད་ངོས་འཛིན་དེ་བས་གསལ་བ་བྱུང་ཡོད། ཁེ་ལས་ཀྱི་འཐུས་མི་ཚོས་རང་སོ་སོའི་ཉམས་མྱོང་དང་ལྟ་བ་མཉམ་སྤྱོད་ཧུར་ཐག་བྱས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་གྱིས་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་སྲིད་ཇུས་ཀྱི་ལེགས་ཆ་དང་འཕེལ་རྒྱས་འཆར་འགོད་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཨན་ཧུའེ་ཡུན་ལན་གྲངས་གཞི་ཆེན་མོ་ཚད་ཡོད་ཀུང་སིའི(བོད་ལྗོངས)སྤྱི་ཁྱབ་ཅིང་ལི་ཀྲང་དབྱིང་ཝུའེ་ཡིས། དེ་རིང་ཚང་མ་མཉམ་དུ་འཛོམས་ནས་གླེང་མོལ་བྱས་པའི་རྣམ་པ་ཧ་ཅང་ཡག་པོ་འདུག ང་ཚོའི་ཀུང་སིས་གཙོ་བོ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཐག་གཅོད་ཇུས་གཞི་བཟོས་ནས་བོད་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱུང་རྗེས།ཁེ་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཚམ་པོ་ཡོད་པ་ཤེས་རྟོགས་བྱུང་། འབྱུང་འགྱུར་ང་ཚོས་དེ་གར་ཡན་ལག་ཀུང་སི་འཛུགས་རྒྱུར་མ་འཇོག་བྱས་ཏེ་ལྷ་ས་དང་ཐ་ན་བོད་ལྗོངས་ཀྱི་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏའེ་མིན་གྱིས།ད་ཐེངས་ཀྱི་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྗེས་མར་ང་ཚོས་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་ལ་དམིགས་ནས་སྦྲེལ་ཐག་འཛུགས་པ་དང་། སྦྲེལ་ཐག་སྣུར་སྲིང་། སྦྲེལ་ཐག་གསབ་པ་བཅས་ཀྱི་ཚོང་འགུགས་མ་འདྲེན་གྱི་དགོས་མཁོར་དམིགས་ཏེ།གནད་སྨིན་ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་སྤུས་མཐོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོས་སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་ཀར་ནུས་ཆེའི་འབྲེལ་གཏུགས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད། འབྱུང་འགྱུར་ཁེ་ལས་དང་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་བྱས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ལ་དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡོང་ངེས་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204048.html 1 རང་གྲོང་གིས་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུཊ་མ་འདྲེན་གྱི་ཆེད་དོན་བྱེད་སྒོ་སྤེལ་བ། /enpproperty-->