分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་བཀོད་སྒྲིག་ཞིབ་ཚཊ་བྱས་ཏེ་ཅང་སུའུ་ལམ་དང་སྐྱེ་ཁམས་ལམ་སྦྲེལ་མཚམས་སུ་འགྲིམ་འགྲུལ་འཚང་ཁ་ཆེ་བར་དམིགས་ནས།འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཏེ་གྲོང་མིར་བདེ་འཇགས་དང་། གོ་རིམ། ནུས་ཆེ་བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

བཅོས་སྒྲིག་བྱ་ཡུལ་དུ་མི་དམངས་ཉེན་རྟོག་པས་ཚན་རིག་དང་མཐུན་པའི་ངང་གནས་གཏན་འཁེལ་གྱི་ལས་རེས་བྱས་ཏེ་འགྲོ་ལམ་དབར་སྐབས་བསྟུན་ལམ་སྟོན་བྱས་པ་རེད། ཁོང་ཚོས་ཚད་ལྡན་གྱི་ལག་བརྡ་ལ་བརྟེན་ནས་རླངས་འཁོར་འགྲོ་སྐྱོད་ལ་ཁྲིད་སྟོན་བྱེད་པ་དང་། སྒྲིག་འགལ་ངང་རླངས་འཁོར་འཇོག་པ་དང་འཚང་ཁ་རྒྱག་པར་ཞིབ་བཤེར་ནན་པོ་བྱེད་པ་དང་།དེ་བཞིན་གློག་སྒུལ་སྦག་སྦག་གི་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་སློབ་འདོམས་དང་ཟུང་འབྲེལ་བྱེད་པ། རྐང་ཐང་བ་གཞུང་ལམ་ལས་སྒྲོལ་བའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད། ཆུ་ཚོད་ཁ་ཤས་རིང་འབད་འཐབ་བྱས་པ་བརྒྱུད། ལམ་དུམ་དེ་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། རླངས་འཁོར་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད་པས། དེ་སྔ་ལམ་འགག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པར་མ་ཟད།འགྲོ་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ནོར་བུ་ཚེ་རིང་གིས་ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ནང་ང་ཚོས་རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགྲིམ་འགྲུལ་ནང་ཞུགས་མཁན་ཡོངས་ཀྱི་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ།ནུས་ཤུགས་ཡོད་རྒུས་འགྲོ་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་བཏང་བ། གྲོང་མི་བདེ་འཇགས་ངང་ཕྱིར་སྐྱོད་རྒྱུར་སྲུང་སྐྱོང་བཅས་བྱས་ཡོད་ཅེས་བཤད།

ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ལེགས་སུ་གཏོང་ཆེད་ཕན་ནུས་ཆེ་བའི་བྱ་ཐབས་སྤྱད་ཡོད། སླད་ཕྱིན་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཁྲིམས་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བཅོས་སྒྲིག་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག“དྲ་ཐོག་དང་དྲ་ཕྱི”གཉིས་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་ཏེ་དྲ་ཐོག་ནས་སྨྱན་སྦྱོར་གསར་པ་སྤྱད་དེ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དྲ་ཕྱི་ནས་སྡེ་ཁུལ་དང་སློབ་གྲྭར་སྒྲོག་འགྲེལ་བྱས་ནས་བདེ་འཇགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་མིའི་ཡ་རབས་ངང་ཕྱིར་སྐྱོད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། འགྲིམ་འགྲུལ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱ་རྒྱུ་རེད།

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་རྒྱ་ཆེའི་རླངས་འཁོར་གཏོང་མཁན་གྲོགས་པོ་ཚོར་དྲན་སྐུལ་བྱས་དོན། ཉིན་ལྟར་ཞོགས་པ་རླངས་འཁོར་འཚང་ཁ་ཆེ་བའི་དུས་སུ་ཅང་སུའུ་ལམ་དང་གླིང་སྐོར་ཤར་ལམ་སོགས་མ་ལམ་གཙོ་བོ་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་དུ་རླངས་འཁོར་མང་བས་ལམ་འགག་སླ་པོ་ཡོད། དེར་བརྟེན་སྔ་སྣུར་དུ་ཕྱིར་སྐྱོད་ལམ་ཐིག་ལུགས་མཐུན་ངང་འཆར་འགོད་བྱས་ནས་ཕྱིར་སྐྱོད་བྱེད་དགོས་ལ། རླངས་འཁོར་གཏོང་སྐབས་སུ་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པ་ལས གང་འདོད་དུ་ལམ་བརྗེ་ནས་སྐྱོད་མི་རུང་། དེ་བཞིན་ལམ་བར་དུ་མི་འགྲོ་སའི་འཕྲེད་ལམ་དུ་རང་འགུལ་ངང་མི་སྔོན་ལ་གཏོང་བ་དང་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་ལ་བརྩི་སྲུང་ནན་པོ་ཞུ་དགོས། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཤེས་དཔལ་དང་གོ་རིམ་ལྡན་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱས་ནས་དུས་བདེ་དང་མཛེས་སྡུག་ལྡན་པའི་ཉིན་མོ་ཞིག་གཏོད་དགོས།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204047.html 1 གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ། /enpproperty-->