分享按钮

ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོས་འབྱུང་ཁམས་ལག་ལེན་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་54པའི་ཉིན་དེར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་ཚོགས་པ་དང་པོས་སྐྲུན་འགན་འཁུར་བའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་སྟོད་ལུང་བདེ་ཆེན་དང་ཆུ་ཤུར་ལམ་རྒྱུད་དུ་རིམ་རྩིས་བྱས་ན་ཤིང་སོན་རྐང་ཁྲི་80ལྷག་ཙམ་བཏབ་པ་རེད། ཉིན་དེར་སྐལ་བཟང་མེ་ཏོག་དཔེ་སྟོན་ལས་དོན་ཁང་གིས་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བཅུ་པ་དང་མཉམ་དུ་གཉེར་བའི“འགྲིམ་འགྲུལ་གྱི་འཛུགས་སྐྲུན་ལས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད”ཅེས་པའི་སྨྱན་སྦྱོར་གྱི་སྒོ་དབྱེའི་ཉིན་མོ་དང“ཤིང་སོན་བཏབ་ནས་ཕུགས་འདུན་གཏོད། འབད་བརྩོན་ཆེན་པོས་མཉམ་དུ་མཐུན་སྒྲིལ་བྱེད”ཅེས་པའི་བཟོ་བཀོད་ཆེན་མོ་བ་ཁྲི་ཕྲག་གི་སློབ་ཁྲིད་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད།

རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ངོས་ནས། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭས“ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བ་དང་ལོ་བཅུའི་རིང་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བའི”མཛེས་སྡུག་ལྡན་པའི་རེ་འདུན་བཅངས་བཞིན་ཡོད། ལས་གྲྭ་དེས་ལྷ་སའི་སྐྱིད་ཆུ་གཙོ་རྐང་དུ་བྱེད་པ་དང་། རི་བོའི་གཞོགས་གཉིས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བྱས་ནས། རྒྱལ་ཁོངས་སྔོ་འགྱུར་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། སྔོ་འགྱུར་གྱི་ཁྱབ་ཁོངས་ཤར་ནུབ་ཏུ་སྤྱི་ལེ་200ཙམ་བསྲིངས་ཡོད་པས། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་ཤང(གྲོང་རྡལ)35དང་འབྲེལ་བ་ཡོད། ལས་གྲྭ་ལེགས་གྲུབ་བྱུང་རྗེས་ལོར་ཐཱན་འདུས་ཚད་ཏུན་ཁྲི་12ཟིན་རྒྱུ་ཡིན་ཞིང་། དེ་ཀྲུང་གོ་དང་ལྷ་ས་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ཐཱན་འབུད་ཚད་ཀྱི་བརྒྱ་ཆ་15དང་མཚུངས་པས། མཚོ་བོད་ས་མཐོའི་ཐཱན་དོ་སྙོམས་དམིགས་ཚད་ལ་འགག་རྩའི་འདེགས་སྐྱོར་བྱས་ཡོད།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་ཨར་ལས་ས་ཁོངས་སུ་ལོར་ཆར་ཆུ་ཉུང་བ་དང་། ས་རིམ་སྲབ་པ། རྡོ་ཧྲུག་གང་སར་ཁྱབ་པ། ཤིན་སོན་རྩ་བ་ཚུགས་དཀའ་བ་བཅས་ཀྱི་རྐྱེན་གྱིས་རྣམ་གྲངས་སྤེལ་ཡུལ་དུ་ཤིང་སོན་སྐྱེལ་འདྲེན་དཀའ་བ་དང་། འཚར་ལོངས་དཀའ་བ། གསོན་དཀའ་བ་བཅས་ཀྱི“དཀའ་གནད་གསུམ”འཕྲད་ཡོད། དཀའ་ངལ་གྱི་མདུན་དུ་རྣམ་གྲངས་ཚོགས་པས་མི་མེད་གནམ་གྲུ་སྤྱད་དེ་དངོས་ཟོག་ཁག་གཅིག་སྐྱེལ་འདྲེན་བྱས་པ་དང་། ཤིང་རིགས་70ལྷག་ཙམ་ཁྲོད་ནས་གྲང་ངར་དང་ཐན་པ་ཐེག་ཐུབ་པའི་རིགས་བདམས་ཏེ་འདེབས་འཛུགས་བྱས་པ་དང་འབྲེལ“ནགས་ཚལ་ལ་བརྟེན་ནས་ཆུ་གཏོང་བའི”ཞིང་ཆུ་འདྲེན་སྟངས་གསར་དུ་བཏོད་ཡོད། མིག་སྔའི་བར་རྣམ་གྲངས་དེའི་སྔོ་འགྱུར་རྒྱ་ཁྱོན་ལ་མུའུ་14000ཙམ་ཡོད་ཅིང་། ཤིང་སོན་མུའུ་8000ཙམ་བཏབ་པ་དང་། རི་བཀག་ནགས་སྐྱོང་མུའུ་4055ཙམ་བྱས་ཡོད། དེ་བཞིན་འདེབས་འཛུགས་ནགས་བཟོ་བྱེད་ཚད་མུའུ་1205ཙམ་ཟིན་ནས་རིམ་རྩིས་བྱས་ན་ཤིང་སོན་རྐང་ཁྲི་80ལྷག་ཙམ་བཏབ་ཡོད།

བྱེད་སྒོ་སྤེལ་རིང་། ཕྱོགས་གསུམ་པོས《སློབ་གསོའི་རོགས་སྐྱོར་དང་མཉམ་སྐྲུན་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་དེ“བཟོ་བཀོད་ཆེན་མོ་བ་ཁྲི་ཕྲག་གི་སློབ་ཁྲིད”སོགས་ཀྱི་རྣམ་པ་བརྒྱུད། ས་གནས་དེ་གའི་སློབ་གྲྭར་དངོས་པོའི་རོགས་སྐྱོར་དང་རིག་སྟོབས་ཀྱི་རོགས་སྐྱོར་བྱ་རྒྱུ་རེད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་པོ་དང་ཀུང་སི་གཉིས་པའི་ལྷ་སའི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཞ་ལེའང་གིས། ང་ཚོས་བཟོ་བཀོད་པ་དང་སློབ་མའི་དབར་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་འཇགས་པ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་འཛུགས་རྒྱུའི་རེ་བ་ཡོད་ཅེས་བཤད།

ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི“ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཕུགས་འདུན་གཏོད”ཅེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྐལ་བཟང་མེ་ཏོག་དཔེ་སྟོན་ལས་དོན་ཁང་གི་འགན་འཁུར་བས་སློབ་མ་200ལྷག་ཙམ་ལ《ཤིང་སོན་བཏབ་ནས་འབྱུང་འགྱུར་གཏོད》ཅེས་པའི་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཁྲིད་པ་རེད། ལས་དོན་ཁང་བཙུགས་ཚུན། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་། ལྷ་སའི་སྐྱིད་ཆུའི་སྐྱེ་འཕེལ་གློད་གཏོང་དང་འོས་འགན་ཤིང་འཛུགས་སོགས་ཀྱི་བྱེད་སྒོ་ཐེངས་10ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བས། མི་རིགས་ཁག་དབར་གྱི་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་ཐེབས་པ་དང་འགན་འཁྲི་འཁུར་སེམས་མངོན་ཡོད། “བཟོ་བཀོད་ཆེན་མོ་བ་ཁྲི་ཕྲག་གི་སློབ་ཁྲིད”བྱེད་སྒོའི་སྣུར་སྲིང་ལག་ལེན་ཡིན་པའི་ངོས་ནས། ད་ཐེངས་ཀྱི་བྱེད་སྒོས“ཤིང་སོན་འདེབས་པ”དང“ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི”ཞེས་པའི་ཚན་པ་གཉིས་ལྟེ་བར་བྱས་ཏེ། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་ཚོགས་པ་དང་པོས་བོད་ཀྱི་འབྱུང་ཁམས་བཅོས་སྐྱོང་དང་བོད་སྐྱོར་གྱི་ལོ་31རིང་གི་འགན་འཁྲི་འཁུར་སེམས་ལ་དམིགས་ནས། སློབ་མར་ཚན་རིག་ཁྱབ་གདལ་གྱི་འགྲེལ་བཤད་བརྒྱབ་པ་དང་། ཚན་རྩལ་ཤེས་བྱ་དང་ཟུང་འབྲེལ་བྱས་ནས་བྱ་དགའ་ཡོད་པའི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་ཞིང་། སྤྲོ་སྣང་འཕེལ་བའི་རྣམ་པའི་ཐོག་ནས་སློབ་མ་ཚོར་འབྱུང་ཁམས་སྲུང་སྐྱོང་དང་འདུ་འགོད་ལག་རྩལ་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་བཏང་ཡོད།

ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་ཚོགས་པ་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི། བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་སུང་མོང་གིས། གཞུང་ལམ་ལས་གྲྭ་ཅུས་ཚོགས་པ་དང་པོས“བརྒྱུད་རོགས་ཁྲིད་གསུམ”མཐའ་འཁྱོངས་བྱས་ནས། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་ས་གནས་དེ་གའི་མང་ཚོགས་སྔོན་ལ་ལས་ཞུགས་ཐུབ་པར་བྱས་ཡོད། དེ་བཞིན་རྩལ་ནུས་གསོ་སྦྱོང་བྱས་ནས་ས་གནས་དེ་གའི་ལག་རྩལ་རྐང་འཛིན་པ་དང་ཐོན་ལས་བཟོ་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། རྣམ་གྲངས་ཀྱི་བཅའ་སྡོད་བྱ་ཡུལ་དུ་བོད་རིགས་སྤུན་ཟླ་འཛུགས་སྐྲུན་དོ་དམ་ནང་ཞུགས་སུ་བཅུག་ནས་བོད་རྒྱ་ལས་མིའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྐལ་བཟང་མེ་ཏོག་དཔེ་སྟོན་ལས་དོན་ཁང་ཐོག་མ་དེ་བཙུགས་ནས། མི་རིགས་མཐུན་སྒྲིལ་དང་བོད་སྐྱོར་བྱ་ཐབས་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་ཡོད། དུས་ཆེན་གྱི་འཚམས་འདྲི་དང་། སློབ་སྐྱོར་ཞལ་འདེབས། བཟོ་བཀོད་ཆེན་མོ་བ་ཁྲི་ཕྲག་གི་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་བརྒྱུད། ས་གནས་དེ་གའི་སྡེ་ཁུལ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ནས། ས་གནས་དེ་གའི་སློབ་གསོ་དང་རིག་གནས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་འབྱུང་ཁམས་སྔོན་ལ་འཇོག་པའི་ཨར་ལས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ས་མཐོའི་འབྱུང་ཁམས་ས་ཁོངས་ཀྱི་ཨར་ལས་ཁྲོད་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ། མ་དངུལ་འབོར་ཆེན་བཏང་ནས་སྔོ་ཁེབས་སླར་གསོ་དང་། ས་ཆུ་སྲུང་འཛིན། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བགྲོད་ལམ་འཛུགས་སྐྲུན་བཅས་བྱས་ནས་ལས་གྲྭས་འབྱུང་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། རྗེས་མར་ཚོགས་པས་བཟོ་རྩལ་གསར་པ་དང་བྱ་ཐབས་གསར་པ་ཧུར་ཐག་སྤྱད་དེ། སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་དང་གངས་ལྗོངས་ས་མཐོ་སྲུང་སྐྱོང་བྱ་རྒྱུ་རེད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202005.html 1 ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོས་འབྱུང་ཁམས་ལག་ལེན་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ། /enpproperty-->