ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཁྲིམས་འགལ་ངང་རླངས་འཁོར་གཉེར་སྐྱོང་བྱས་པ་ལས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོས་པར་མ་ཟད། འགྲུལ་པའི་ཕྱིར་སྐྱོད་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་བཟོས་ཡོད། སྐྱེལ་འདྲེན་ཁོར་ཡུག་གཙང་བཟོ་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ཟླ་6ཚེས་4ཉིན།ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པ་དང་ཡུལ་སྐོར་ཉེན་རྟོག་པ་སོགས་སྡེ་ཚན་དང་མཉམ་དུ་གཙོ་གནད་འགྲིམ་འགྲུལ་ལྟེ་གནས་སུ“ནག་འཁོར”གྱི་ཁྲིམས་འགལ་གཉེར་སྐྱོང་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཡོད།
ཉིན་དེར་ཁྲིམས་འཛིན་པས་ཅང་སུའུ་ཤར་ལམ་དང་མེ་འཁོར་འབབ་ཚུགས་སོགས་གཙོ་གནད་ས་ཁོངས་སུ་གནད་སྨིན་ལྟ་སྡོམ་བྱས་པ་རེད། སྡེ་ཚན་མང་པོས་མཉམ་དུ་ཁྲིམས་འཛིན་དང་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་པའི་ལམ་སྲོལ་བརྒྱུད་རླངས་འཁོར་གཉེར་སྐྱོང་གི་འོས་ཐོབ་དང་དེ་བཞིན་ཁ་ལོ་བའི་ལས་ཞུགས་ཐོབ་ཐང་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ།འོས་ཐོབ་མེད་པའི་གཉེར་སྐྱོང་དང་སྒྲིག་འགལ་ངང་འགྲུལ་པ་བླུག་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པས“གནད་དོན་གཅིག་ཤེས་ཚེ་གཅིག་ཐག་གཅོད་བྱེད་པའི”དོ་དམ་ནན་པོའི་རྣམ་པ་ཞིག་ཆགས་ཡོད། ཉིན་དེར་ལག་ཁྱེར་མེད་པའི་དྲ་འབོད་རླངས་འཁོར་1རྩད་ཆོད་པ་དང་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་དོགས་ཡོད་རླངས་འཁོར་2གནས་སྐབས་བཀག་ཉར་བྱས་ཏེ་ཁྲིམས་ལྟར་མུ་མཐུད་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་ཁྲིམས་འཛིན་པ་བློ་བཟང་ཚེ་རིང་གིས།ང་ཚོས་གནད་སྨིན་རྡུང་རྡེག་དང་ཕུགས་ཕན་བཅོས་སྒྲིག་རྩ་དོན་དུ་བྱས་ནས་ཁྲིམས་འགལ་ངང་རླངས་འཁོར་གཉེར་སྐྱོང་བྱེད་མཁན་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཡོད། རྗེས་མར་ང་ཚོས་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་བྱས་ནས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་མུ་མཐུད་ཚད་ལྡན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྒྲིག་ལམ་གྱི་ཕྱོགས་བསྡུས་ཆེད་དོན་བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། རིམ་རྩིས་བྱས་ན། གྲོང་བྱང་དང་གྲོང་ཤར་སོགས་གཙོ་གནད་ས་ཁོངས་སུ་ཁྲིམས་འཛིན་པ་མི་ཐེངས་877བཏང་བ་དང་། ཁྲིམས་འཛིན་རླངས་འཁོར་178བཏང་བ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་དོགས་ཡོད་རླངས་འཁོར་ཐེངས་2102ལ་ཞིབ་བཤེར་བྱས་པ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་37དང་སྒྲིག་འགལ་ངང་བོགས་མར་གཏོང་བའི་རླངས་འཁོར་105བཀག་ཉར་བྱས་པ། དྲ་འབོད་རླངས་འཁོར་གྱི་སྦྱར་ཡིག་སྦྱར་མེད་པའི་རླངས་འཁོར་311བཅོས་སྒྲིག་བྱས་པ། ཐེར་འདོན་གོང་ཞུ་80ཐག་གཅོད་བཅས་བྱས་ཡོད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་པོའི་རུ་དཔོན་ཞ་གོ་ཧྲུའུ་ཡིས།ཚད་དང་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ཚང་མར་མཚོན་རྟགས་མངོན་གསལ་དོད་པོ་ཡོད་པ་དང་། ཚད་དང་མཐུན་པའི་དྲ་འབོད་རླངས་འཁོར་ལའང་མཚོན་རྟགས་མངོན་གསལ་དོད་པོ་ཡོད་པས། ལས་སྟེགས་ཐོག་རླངས་འཁོར་དང་དེ་བཞིན་ཁ་ལོ་བའི་ཆ་འཕྲིན་འདྲི་རྩད་བྱེད་ཆོག་པར་མ་ཟད། འགྲོ་སྐྱོད་ཐད་ལའང་ཟིན་ཐོ་འགོད་ཀྱི་ཡོད། འོན་ཀྱང་ནག་འཁོར་ལ་རྒྱུན་དུ་མཚོན་རྟགས་དེ་དག་མེད་པར་མ་ཟད། ད་དུང་རིན་གོང་སྤོར་བ་དང་། ཁ་ལོ་བའི་ལག་རྩལ་གྱི་ཚད་གཞི་ཡང་ལོན་མེད་པའི་ཁར་བདེ་འཇགས་ལའང་འགན་ལེན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་སྲིད་པས།འདི་གར་གྲོང་མི་མང་ཚོགས་ཕྱིར་སྐྱོད་སྐབས་ཚད་ལྡན་གྱི་འགྲིམ་འགྲུལ་ཡོ་བྱད་གདམ་ག་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་དང་སྦྲགས་གལ་ཏེ་ནག་འཁོར་ཡིན་པ་ཤེས་ཚེ་12345ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་ཆོག་གི་ཡོད་ཅེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社