ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན།ལྷ་ས་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཀྱིས་དང་བླངས་པའི་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་ལྷ་སའི་སྐྱིད་ཆུའི་ངོགས་སུ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་སྤེལ་ཡོད་ཅིང་།བྱ་སྤྱོད་དངོས་ཀྱི་ཐོག་ནས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ཏེ་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ལྷ་སའི་སྐྱིད་ཆུའི་འགྲམ་དུ་གནས་པའི་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ཉེ་འགྲམ་དུ་དང་བླངས་པ་ཚོས་གད་སྙིགས་བླུགས་སྣོད་འཁྱེར་ནས་སྐྱིད་ཆུའི་ངོགས་ཀྱི་གྲམ་ཐང་དང་རྩྭ་གསེབ་ནས་འཚོ་བའི་གད་སྙིགས་སྣ་ཚོགས་གཙང་སེལ་བྱས་ཡོད།
ལྷ་ས་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་ཆེན་སྒྲོལ་དཀར་གྱིས། འདི་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་ཐོག“མཛེས་སྡུག་ལྡན་པའི་ཀྲུང་གོ་གཏོད་པར་ང་ཡིས་འབད”དང“འགྱིག་སྙིགས་ཀྱི་སྦགས་བཙོག་མེད་པར་བཟོ”ཞེས་པའི་གཙོ་དོན་ཆེན་པོ་གཉིས་ལ་དམིགས་ཡོད། “མཛེས་སྡུག་ལྡན་པའི་ཀྲུང་གོ་གཏོད་པར་ང་ཡིས་འབད”ཅེས་པའི་གཙོ་དོན་ལ་དམིགས་ནས་ངེད་ཅུས་ཀྱིས་སྡེ་ཚོགས་གྲོང་ཨུད་དང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ལྷ་སའི་སྐྱིད་ཆུའི་ལམ་རྒྱུད་ཀྱི་ཆུས(རྫོང)ཁག་གི་ལས་བྱེད་པ་དང་ལས་བཟོ་བ།དེ་བཞིན་སྤྱི་ཚོགས་ཀྱི་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སྐྱིད་ཆུར་སྐོར་གཡེང་དང་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་ལས་དོན་ལག་བསྟར་གཏིང་ཟབ་བྱས་ཡོད། ཕྱིས་སུ་ང་ཚོས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུར་མུ་མཐུད་སྐུལ་འདེད་བཏང་ནས་ནམ་མཁའ་གཡའ་དག་ལ་རི་ཀླུང་སྔོ་ཞིང་མཛེས་པའི་ལྷ་ས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社