分享按钮

གྲོང་ཁྱེར་ཁྲིམས་འཛིན་ཅུས་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་ཡིས་ཁྲིམས་སྐྱོང་གི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ།

ཉེ་ཆར།ཁྲིམས་འཛིན་པུས་རྒྱལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ལས་དོན་གྱི་སྔོན་ཐོན་དཔེ་མཚོན་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་རྒྱལ་ཡོངས་ཀྱི་མཉམ་སྡེབ་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ“གྲུབ་འབྲས་མངོན་གསལ་དོད་པའི་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད། ལས་མི་4ལས་མེད་པའི་ས་མཐོའི་ཁྲིམས་སྐྱོང་བས།གསར་དུ་བཟོ་བཅོས་བརྒྱབ་པའི《སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ལག་བསྟར་བྱས་རྗེས།མི་སྣ་ཉུང་བ་དང་། གྱོད་གཞི་མང་བ། འགན་འཁྲི་ལྕི་བ་བཅས་ཀྱི་རྒྱུན་རྣམ་ལ་གཞིགས་ནས་ལོ་ཧྲིལ་པོར་སྲིད་འཛིན་རྩོད་གཞི་སེལ་བའི་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ་ཆེད་ལས་དང་ལེགས་སྐྱེས་ལ་བརྟེན་ནས་དམངས་ཕན་དང་གཞུང་དྲང་།ནུས་ཆེའི་ཁྲིམས་སྐྱོང་གི་རྒྱུགས་ལན་བཏབ་ཡོད།

ལས་མི་4ལས་གྲུབ་པའི་ཚོགས་པས་ཉིན་མཚན་དབྱེར་མེད་དུ་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་286གི་འགན་འཁུར་ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3650ཟིན་པའི་གངས་ལྗོངས་ཀྱི་གནས་མཆོག་ཏུ་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་ཡི་གློག་སྒྲོན་རྟག་ཏུ་ནམ་ཕྱེ་བར་གསལ་ལེར་སྤར་བཞིན་ཡོད། 2024ལོར་མི་4ལས་གྲུབ་པའི་བསྐྱར་གྲོས་ཞུ་ལན་ཚོགས་པས་རིམ་རྩིས་བྱས་ན་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་286ཞིབ་གཅོད་བྱས་ཤིང་། ཆ་སྙོམས་བྱས་ན་མི་རེས་གྱོད་གཞི་71ལྷག་ཙམ་ཞིབ་གཅོད་བྱས་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་1.5རེད། ཛ་དྲག་ཆེ་བའི་གྱོད་གཞིའི་གནོན་ཤུགས་ཀྱི་མདུན་དུ། ཁོང་ཚོས་ཉིན་མཚན་དབྱེར་མེད་ཀྱི་འབད་འཐབ་ལ་བརྟེན་ནས། སྲིད་གཞུང་སྡེ་ཁག་གི་ཚུལ་མིན་སྲིད་འཛིན་བྱ་སྤྱོད་ཀྱི་གྱོད་གཞི་63ལ་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྩོད་གཞི་50འདུམ་འགྲིག་ཡོང་བར་སྐུལ་འདེད་བཏང་བས། བརྒྱ་ཆ་97.44ཡི་གྱོད་གཞི་བསྐྱར་གྲོས་དུས་རིམ་དུ་ཚིག་ཐག་གཅིག་ཆོད་བྱུང་སྟེ། མང་ཚོགས་རྣམས་གཏུགས་བཤེར་གྱི་དཀའ་ངལ་ལས་ཐར་ཐབས་བྱས་ཡོད།

ཁོའོ་ཧྲི་ཆུང་ཡང་ངལ་བ་ཁྱད་དུ་བསད། ཁོའོ་ཧྲི་དེའི་མི་ཚང་མས་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་ལོན་པར་མ་ཟད།ཚང་མ་གང་དུ་བཏང་ཡང་གོ་ཆོད་ཡིན་པས་ཉིན་མོ་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་། བརྟག་དཔྱད་དཔང་ལེན་བྱེད་པ།དགོང་མོ་ཡིག་ཆ་འབྲི་བ་དང་ཁྲིམས་སྲོལ་ལ་ཞིབ་འཇུག་དང་ལྟ་ཀློག་བཅས་བྱེད་ཀྱི་ཡོད། ཁོང་ཚོས་བསྐྱར་གྲོས་དང་ཁྲིམས་ཁང་ཟུང་འབྲེལ་གྱི་མཉམ་བཅོས་ལམ་སྲོལ་ཐོག་མར་བཏོད་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་། སྲིད་ཇུས་གསར་པ་བསྡུ་ལེན།སྲིད་འཛིན་ཆོག་འཐུས་སོགས་རྩོད་གླེང་མང་བའི་ཁྱབ་ཁོངས་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་ཁྲིམས་འཛིན་མི་སྣའི་ཆེད་དོན་གསོ་སྦྱོང་བྱས་པ་དང་། ཐུན་མོང་རང་བཞིན་གྱི་ཁྲིམས་འགལ་གནད་དོན་གསེད་བཀྲོལ་བྱས་པ། དཀའ་གནད་ཆེ་བའི་གྱོད་གཞིར་རིགས་གཅིག་མཁས་ཅན་གྱི་གྲོས་མོལ་བྱས་པར་མ་ཟད། ཁྲིམས་འཛིན་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་བ་སོགས་ཀྱི་ནུས་ལྡན་བྱ་ཐབས་སྤྱད་པས་ལོ་ཧྲིལ་པོའི་སྲིད་འཛིན་ལས་ཁུངས་ཀྱི་གཏུགས་བཤེར་ཕམ་ཚད་བརྒྱ་ཆ་38ཆག་ཡོད།

ཁོའོ་ཧྲི་ཆུང་ཡང་བྱས་རྗེས་ཆེན་པོ་ཐོན་པ་དང་ལམ་སྲོལ་གསར་གཏོད་ཀྱིས་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱས་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་གཞུང་དོན་ཁང་གི་འགན་འཁུར་བ་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་ཡི་ཁོའོ་ཀྲང་ལྷ་རྒྱལ་དོན་གྲུབ་ཀྱིས།སླད་ཕྱིན་ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་སྲིད་འཛིན་བལྟོས་བཅས་མི་སྣ་ཚང་མའི་བསྐྱར་གྲོས་ཁེ་དབང་ལ་འགན་ལེན་ཧུར་ཐག་བྱས་ནས་དོ་བདག་ཚང་མར་བསྐྱར་གྲོས་གྱོད་གཞིའི་ཁྲོད་དྲང་སྙོམས་དང་དྲང་བདེན་ཚོར་ཐུབ་པར་བྱ་རྒྱུ་ཡིན། ང་ཚོའི་བསྐྱར་གྲོས་སྒྲིག་གཞིས་བསྐྱར་གྲོས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པ་དང་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་ཡི་གཞུང་དོན་ཁང་དུ་ལས་དོན་པས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་མཐའ་འཁྱོངས་བྱས་ཏེ་སྲིད་འཛིན་བསྐྱར་གྲོས་དེ་མང་ཚོགས་ཀྱི་སེམས་ནང་གི“དྲོ་སྐྱིད་ཀྱི་འདུ་འགོད”ཅིག་ཏུ་བཏོད་ཡོད། ཁོང་ཚོའི་གཏམ་རྒྱུད་ནི་ས་མཐོའི་ཉི་འོད་དང་འདྲ་བར་གྱོད་གཞིའི་ཡིག་ཚགས་286གི་མིང་ཐོག་ཏུ་འཕྲོ་བ་ཙམ་མ་ཡིན་པར།ཁྲིམས་སྐྱོང་དད་མོས་དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་རེ་བ་དེ་བས་ཀྱང་ཡིན།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202001.html 1 གྲོང་ཁྱེར་ཁྲིམས་འཛིན་ཅུས་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁོའོ་ཡིས་ཁྲིམས་སྐྱོང་གི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ། /enpproperty-->