分享按钮

ལྷ་སའི་རྒྱུགས་ཚུགས་14ཡིས་མཐོ་རྒྱུགས་སྔོན་གྱི་ ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2025ལོའི་མཐོ་རྒྱུགས་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་བྱས་ནས་རྒྱུགས་ཚུགས་ཁག་གིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་ཆེད། ཟླ་6ཚེས་5ཉིན་གྱི་ཕྱི་དྲོར།ལྷ་ས་སློབ་འབྲིང་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་སོགས་རྒྱུགས་ཚུགས་14ཡིས་དུས་གཅིག་ཏུ་མཐོ་རྒྱུགས་ཀྱི་རྣམ་པ་ཧྲིལ་པོའི་ནང་སྦྱོང་དང་རྒྱུགས་ཚུགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་གྲ་སྒྲིག་ལས་དོན་སྤེལ་ཏེ།རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་གོ་རིམ་ལྡན་པའི་ཡིག་རྒྱུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡི་ཐོག ལྷ་ས་སློབ་འབྲིང་གི་རྒྱུགས་ཚུགས་སྒོ་འགྲམ་དུ་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་སོགས་ནས་ཡོང་བའི་རྒྱུགས་སྤྲོད་སློབ་མ་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ནས་བསྡད་ཡོད། ལས་དོན་པས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་ལ་ཞིབ་བཤེར་བྱས་རྗེས།རྒྱུགས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་སྒོ་བརྒྱུད་ནས་རྒྱུགས་ཚུགས་དང་རྒྱུགས་རར་འཛུལ་བའི་བརྒྱུད་རིམ་ནང་སྦྱོང་བྱས་ཡོད་ཅིང་།གཙོ་བོ་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་ཞུགས་པའི་བརྒྱུད་རིམ་གྱི་བདེ་བླག་རང་བཞིན་དང་བདེ་འཇགས་རང་བཞིན་ལ་ཞིབ་བཤེར་བྱས་ཡོད། དེའི་རིང་རྒྱུགས་སྤྲོད་སློབ་མ་ཚོས་ལས་དོན་པའི་ཁྲིད་སྟོན་འོག་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ཏེ་བདེ་འཇགས་ཞིབ་བཤེར་གྱི་སྒོར་འཛུལ་ནས་འཚོལ་ཞིབ་ཡོ་བྱད་ཀྱི་ཞིབ་བཤེར་དང་ལེན་བྱས་ཡོད། ལས་དོན་པས་རྒྱུགས་སྤྲོད་སློབ་མའི་ལག་ཁྱེར་དང་ལུས་ཐོག་གི་དངོས་རྫས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་བཀག་སྡོམ་དངོས་རྫས་རྒྱུགས་རར་འཁྱེར་མི་ཆོག་པའི་འགན་ལེན་བྱས་ཡོད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱུགས་སྤྲོད་སློབ་མ་བདེ་འཇགས་ཞིབ་བཤེར་གྱི་སྒོར་འཛུལ་སྐབས་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཐོན་པ་དཔེར་ན། བདེ་འཇགས་ཞིབ་བཤེར་གྱི་སྒོ་ནས་ཉེན་བརྡ་གཏོང་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ་ལས་དོན་པས་འཕྲལ་མར་རྒྱུགས་སྤྲོད་སློབ་མ་ཕྱིར་ཁྲིད་ནས་བདེ་འཇགས་ཞིབ་བཤེར་ཐེངས་གཉིས་པ་བྱེད་ཀྱི་ཡོད། ཞིབ་བཤེར་བྱེད་སྐབས་རྒྱུགས་སྤྲོད་སློབ་མའི་ལུས་ཐོག་ནས་བཀག་སྡོམ་དངོས་རྫས་ཐོན་ཚེ་བཀག་སྡོམ་དངོས་རྫས་རྩིས་ལེན་ཉར་ཚགས་བྱས་ནས་འབྲེལ་ཡོད་ཀྱི་ཟིན་ཐོ་འགོད་ཀྱི་ཡོད།

རྒྱུགས་སྤྲོད་སློབ་མ་ཏུང་ཞའོ་ཧན་གྱིས། དེ་རིང་གི་ནང་སྦྱོང་ཧ་ཅང་གལ་ཆེན་པོ་རེད། ནང་སྦྱོང་བྱས་པ་ལས་སློབ་གྲོགས་ཚོས་མཐོ་རྒྱུགས་ནང་ཞུགས་པའི་བརྒྱུད་རིམ་ལ་རྒྱུས་མངའ་ལོན་ཐུབ་པས།ཡིག་རྒྱུགས་དངོས་སུ་གཏོང་སྐབས་དངངས་སྐྲག་ཡོང་མི་སྲིད་ལ་གནོན་ཤུགས་ཀྱང་ཆེན་པོ་ཡོང་མི་སྲིད་ཅེས་བཤད།

རྒྱུགས་སྤྲོད་སློབ་མ་རྒྱུགས་རར་མ་འཛུལ་གོང་རྒྱུགས་ཚུགས་ཁག་གི་རྒྱུགས་སྤྲོད་ལྟ་ཞིབ་པས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལ་རེ་རེ་བཞིན་ཞིབ་དཔྱད་དང་། རྒྱུགས་སྤྲོད་སློབ་མའི་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱེད་དགོས་ཤིང་། འདྲ་པར་དང་ངོ་རིས་དབྱེ་འབྱེད་སོགས་ལ་བརྟེན་ནས་ཞིབ་བསྡུར་ལེགས་པར་བྱས་ཏེ་རྒྱུགས་ཚབ་གཏོང་མཁན་གཏན་འགོག་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ནང་སྦྱོང་ནི་ལྷ་སས་ད་ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་ཞིང་།ནང་སྦྱོང་བྱས་པ་བརྒྱུད་རྒྱུགས་ཚུགས་སུ་གནད་དོན་དང་མི་འདང་བའི་ཆ་ཡོད་པ་ཤེས་རྟོགས་ཐུབ་པ་དང་འབྲེལ་དུས་ཐོག་ཏུ་བཅོས་སྒྲིག་ཐུབ་པ་བྱུང་ཡོད། དེ་རྗེས་ཀྱི་དུས་ཚོད་ནང་རྒྱུགས་ཚུགས་ཁག་གིས་ལས་དོན་ཁག་མུ་མཐུད་དེ་འཐུས་སྒོ་ཚང་དུ་བཏང་ནས་མཐོ་རྒྱུགས་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱ་རྒྱུ་རེད། གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས།སྡེ་ཚན་ཁག་དང་མཉམ་ལས་གཞོགས་འདེགས་ལ་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུས་རྒྱུགས་སྤྲོད་སློབ་མར་གཡས་གཞོགས་གཡོན་འདེགས་བྱས་ཏེ།2025ལོའི་མཐོ་རྒྱུགས་ཀྱི་ལས་དོན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202002.html 1 ལྷ་སའི་རྒྱུགས་ཚུགས་14ཡིས་མཐོ་རྒྱུགས་སྔོན་གྱི་ ནང་སྦྱོང་བྱས་པ། /enpproperty-->