ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལས་ཚབ་རྩིས་ཐོའི་ལས་རིགས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ལྟེ་བའི་གྲོང་ཁྱེར་གྱི་ངེས་གནས་ལ་གཞི་ཚུགས་ཏེ་ལས་རིགས་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་འགན་ལེན་བྱ་རྒྱུ་འཇུག་གཞིར་བྱས་ཏེ་ལག་ཁྱེར་གཉེར་བའི་ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་བ་དང་དུས་མཚུངས་དྲ་ཐོག་ནས་གཅིག་གྱུར་དོ་དམ་དང་ཞབས་ཞུ་མངོན་འགྱུར་བྱུང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས《ལས་ཚབ་རྩིས་ཐོ་འགོད་པའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནོར་སྲིད་པུའི་གཞུང་དོན་ཐིང་གི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་ཀྱི་སྣེ་ཁྲིད་དང་གྲངས་འཛིན་ནུས་སྐྱེད་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་པས། འདི་ལོའི་ཟླ་ལྔ་པའི་ཟླ་སྟོད་དུ་ལྷ་ས་སྲིད་གཞུང་གི་ཞབས་ཞུའི་ལས་སྟེགས་ལ་ལས་ཚབ་རྩིས་ཐོ་འགོད་པའི་སྒྲིག་གཞིའི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་གཏན་འབེབས་དང“དྲ་གཅིག་ཀུན་སྒྲུབ”ཀྱི་ཆོག་འཐུས་ལག་ཁྱེར་སྤྲད་དེ་གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གི“འཇམ་ཤུགས”ཆེ་རུ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་རྩིས་གཉེར་ཁོའོ་ཡི་ཁོའོ་ཀྲང་པ་སངས་ནོར་བུས་ང་ཚོས“ཁས་ལེན་བརྡ་སྤྲོད”གཅིག་གྱུར་གྱི་བྱེད་ཐབས་བརྒྱུད་ཞིབ་མཆན་འགོད་པའི་དུས་ཚོད་དེ་ལས་ཀའི་ཉིན་10ནས་ལས་ཀའི་ཉིན་1བར་ཐུང་དུ་བཏང་བས་དྲ་ཐོག་ཏུ་གཅིག་གྱུར་དོ་དམ་དང་གཅིག་གྱུར་ཞབས་ཞུ་མངོན་འགྱུར་བྱུང་བ་དང་ཆབས་ཅིག་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱས་ཡོད་ཅེས་བཤད།
ལྷ་ས་སྲིད་གཞུང་གི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ལས་ཚབ་རྩིས་ཐོ་འགོད་པའི་སྒྲིག་གཞིའི་ཞིབ་མཆན་འགོད་སྟངས་དེ་དྲ་ཕྱི་ནས་དྲ་ཐོག་ཏུ་བསྒྱུར་བ་དང་། ཞིབ་བསྡུར་དུས་ཚོད་དེ་ལས་ཀའི་ཉིན་གྲངས་1བར་ཐུང་དུ་བཏང་བ་དང་། དུས་ཚོད་ཐུང་དུ་གཏོང་ཚད་བརྒྱ་ཆ་90ཟིན་ཡོད། དེ་དང་ཆབས་ཅིག་ལས་རིགས་ཀྱི་ཁ་དན་ཚིག་གནས་ཀྱི་ཡིག་ཚགས་དང་གདེང་འཇོག་མ་ལག་བཙུགས་པ་བརྒྱུད་ཁ་དན་ཚིག་ལ་མ་གནས་པའི་སྒྲིག་གཞིར་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་བྱས་པ་དང་སྒྲིག་གཞི་བཟང་པོར་ཞིབ་བཤེར་བྱེད་ཐེངས་ཉུང་དུ་བཏང་ནས་ལས་རིགས་རང་གཅུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་ཡོད།
གྲོང་མི་བློ་བརྟན་གྱིས་ད་ཆ་ལས་ཚབ་ཀྱི་རྩིས་ཐོ་འགོད་པའི་ཆོག་འཐུས་ལག་ཁྱེར་གཉེར་བར་ཧ་ཅང་སྟབས་བདེ་བ་དང་། ཞབས་ཞུ་སྙིང་ཉེ་བ། ལས་ཕྱོད་ཆེ་བ་བཅས་ཡོད་པས་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་དང་། སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་བ། ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་བ། ནོར་དཔལ་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་སྒྲིག་ལམ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད། རྗེས་མར་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་ནས་ནུས་ཆེ་དང་། སྟབས་བདེ། སྤུས་ལེགས་བཅས་ཀྱི་ཞབས་ཞུར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社