ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་གྱི་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་དང་མཉམ་དུ་ཁྲེང་ཀོན་ཝན་ཏ་ཐང་ཆེན་དུ་དམངས་དང་སེམས་གཅིག་མཐུན་ངང་ཁྱེད་ལ་སྲུང་སྐྱོང་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་5·15རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་གྱི་ཉེས་གསོག་ལ་རྡུང་རྡེག་དང་དོགས་ཟོན་བྱེད་པའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་དོགས་ཟོན་བྱེད་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། རྣམ་པ་འཁྲུག་ཆ་དོད་པོ་ཡོད། རྣམ་པ་གསར་རྐྱང་གི་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་དྲི་བར་ལན་འདེབས་པའི་ལྷུ་ཚིགས་ཀྱིས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་ནས་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད། དྲི་གཞི་ནི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་དང་གན་རྒྱའི་ཁ་བསླུས་རྒྱག་པ་སོགས་རྒྱུན་མཐོང་གི་དཔལ་འབྱོར་ཉེས་གསོག་རིགས་ལ་དམིགས་ནས་འཚོ་བའི་དཔེ་མཚོན་གསོན་ཉམས་དོད་པོ་གཞི་རྟེན་དུ་བྱས་པ་དང་ཆེད་ལས་ཀྱི་ཤེས་བྱ་ཐབས་མཁས་པོས་དེའི་ནང་མཉམ་འདྲེས་བྱས་ཡོད། ཡུལ་དངོས་སུ་གྲོང་མིས་འཚང་ཁ་ཤིག་ཤིག་ངང་ལན་བཏབ་པ་དང་དྲ་ཐོག་ཏུ་ཞུགས་མཁན་ཚོས་ཀྱང་མཉམ་འགུལ་གྱིས་ཕན་ཚུན་སྐད་ཆ་ཤོད་རེས་ཧུར་ཐག་བྱས་པས་ཚང་མས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་སྤྱོད་གོ་ཆོད་པའི་དཔལ་འབྱོར་ཉེས་གསོག་ལ་སྔོན་འགོག་དང་དོགས་ཟོན་གྱི་ཐབས་རྩལ་མགྱོགས་མྱུར་ཁོང་དུ་ཆུད་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མྱུལ་ཞིབ་ཉེན་རྟོག་པ་སྲི་ཐར་སྒྲོལ་མས་བྱེད་སྒོ་བརྒྱུད་དམངས་ཡོངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་བྱེད་པའི་ནང་ཞུགས་པའི་རྣམ་པ་ཞིག་བཏོད་དེ་མང་ཚོགས་ཀྱིས་དཔལ་འབྱོར་ཉེས་གསོག་དབྱེ་འབྱེད་དང་དོགས་ཟོན་གྱི་བྱ་ཐབས་ཁོང་དུ་ཆུད་ནས་ལྷ་སའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།
གཞན་ཡང་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས། རང་སྐྱོང་ལྗོངས་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་སོགས་ཚན་པ་64ཡིས་བྱེད་སྒོ་སྤེལ་ཡུལ་དུ་མཐུན་སྦྱོར་མཉམ་འགུལ་བྱས་ཏེ།པར་རིས་དང་ཡི་གེ་མཉམ་བཀོད་ཀྱི་འགྲེམས་པང་དང་། མངོན་གསལ་དོད་པའི་ཉེན་ཟོན་འཕྲེད་འགེལ་སྦྱར་ཡིག ནང་དོན་ཞིབ་ཅིང་ཕྲ་བའི་དྲིལ་བསྒྲགས་ལག་དེབ། དེ་བཞིན་མངགས་བཟོ་བྱས་པའི་རིག་གནས་གསར་གཏོད་ཀྱི་ལག་རྟགས་བརྒྱུད། ཉེས་གསོག་གི་བྱ་ཐབས་དང་། གནོད་འཚེའི་མཇུག་འབྲས། ཁག་གཏད་གཅོག་ཐབས་སོགས་ཕྱོགས་མང་པོའི་ཐོག་ནས་དཔལ་འབྱོར་ཉེས་གསོག་ལ་དབྱེ་ཞིབ་བྱས་ཏེ།ཆེད་ལས་ཀྱི་ཤེས་བྱ་ཐད་ཀར་ཤེས་སླ་བར་གྱུར་ཡོད། འགྲིམ་འགྲུལ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ལས་གཉེར་པུའི་གཉེར་སྐྱོང་གཙོ་གཉེར་བ་རན་ཆིང་གིས་ང་ཚོས་བཙོག་དངུལ་གཙང་སྒྱུར་དང་། ཁ་བསླུས་འགོག་པ་དང་དེ་བཞིན་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་ཤོག་ལྷེ་དང་ལག་རྟགས་རིགས་10ལྷག་ཙམ་ལ་གྲ་སྒྲིག་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་མི་དམངས་མང་ཚོགས་ཀྱི་ཁ་བསླུས་ལ་ངོ་རྒོལ་དང་དེ་བཞིན་ཉེན་ཁར་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོར་དྲ་ཐོག་དང་དྲ་ཕྱིའི་མང་ཚོགས་ཆིག་སྟོང་ལྷག་ཙམ་ཞུགས་པའི་ཡིད་དབང་བཀུག་པ་དང་། དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་སྤྲད་པ། མི་ཐེངས་300ལྷག་ཙམ་ལ་ཡུལ་དངོས་སུ་ལན་བརྒྱབ་པ་བཅས་བྱས་ཡོད། མང་ཚོགས་ཀྱི་དཔལ་འབྱོར་ཉེས་གསོག་ལ་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། ཉེན་རྟོག་པ་དང་མི་དམངས་དབར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社