分享按钮

ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ ཕན་ནུས་ལེགས་སུ་བཏང་བ།

ལག་བསྟར་བསམ་འཆར་དེར་བཀོད་སྒྲིག་ཁ་གསལ་བྱས་ཡོད།

ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་སོགས་ཚན་པ་7གྱིས་མཉམ་འབྲེལ་ཐོག《ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཕན་ནུས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམས་པ་རེད། གསར་འགོད་པར་དོ་སྣང་བྱུང་བར་གཞིགས་ན། ལག་བསྟར་བསམ་འཆར་དེའི་ནང་ཚན་ཞིབ་ཁང་དང་། ཁེ་ལས། ཤེས་ལྡན་མི་སྣ་སོགས་ཀྱི་སྟོབས་ཤུགས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་དམིགས་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཕན་ནུས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ལས་ཚན་རྩལ་གསར་གཏོད་ལ་ནུས་པ་གསར་པ་བསྣན་ཡོད།

ཚན་རིག་ཞིབ་འཇུག་ཁང་དང་སུའོ་དེ་བཞིན་མཐོ་སློབ་བཅས་ནི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་ཚན་རིག་ཞིབ་འཇུག་ཁང་དང་སུའོ། མཐོ་སློབ་ལ་དམིགས་ནས་ལག་བསྟར་བསམ་འཆར་ནང་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་པ་སྟེ། ཀྲུང་དབྱང་རིམ་པའི་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡིས་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་ཞིང་ལས་ཀྱི་ཚན་རྩལ་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་གཙོ་གནད་ཐོག་ཞབས་འདེགས་ཞུ་བ་དང་། ས་གནས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡིས་ས་ཁོངས་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁོངས་རང་བཞིན་དང་ཁྱད་ལྡན་རང་བཞིན་གྱི་ཐོན་ལས་ཚན་རྩལ་གྱི་གནད་དོན་གཙོ་བོར་འཛིན་པ་དང་། མཐོ་སློབ་ཀྱིས་ཞིང་པར་ཞབས་འདེགས་ཞུ་བའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ། ཞིང་ལས་སྟོབས་ཆེར་བཏང་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་རང་འཁྲིའི་ལས་འགན་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་ཞིང་པར་གཅེས་པའི་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ནན་ཅིང་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཆིའུ་ཐུང་ཝུའེ་ཡིས་བཀོད་སྒྲིག་དེ་དག་གིས་ཚན་ཞིབ་སློབ་གླིང་དང་མཐོ་སློབ་མི་འདྲ་བར་གཙོ་གནད་དབྱེ་འབྱེད་ཡག་པོ་བྱས་ཚེ། རང་འགན་གཙང་སྒྲུབ་དང་། ལེགས་ཆ་འདོན་སྤེལ། བསྐྱར་ཟློས་ངལ་རྩོལ་མི་བྱེད་པ་བཅས་ལ་ཕན་ཐོགས་རྒྱུ་དང་། ཚན་ཞིབ་སློབ་གླིང་དང་སུའོ་དབར་ལས་བགོས་ལུགས་མཐུན་དང་། ལུགས་མཐུན་གྱི་འགྲན་རྩོད་བྱེད་པའི་གསར་གཏོད་ཀྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྤྱི་ཡོངས་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ་ཅེས་བཤད།

ཚན་རྩལ་གྱིས་སྣེ་ཁྲིད་པའི་ཁེ་ལས་ནི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཚད་ལས་བརྒལ་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་བཅས་ཀྱི་གཙོ་ཤུགས་དམག་ཡིན། ཀྲུང་གོའི་ཀྲུང་གོ་རྫས་འགྱུར་ཚོགས་པའི་ཀྲུང་གོའི་སྤྱི་འདོམས་པ་སུའུ་ཧྥུ་ཡིས་ལག་བསྟར་བསམ་འཆར་ནང་བཏོན་པའི་ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་འགན་ལེན་ཐུབ་རྒྱུ་ཡིན་པར་དོ་སྣང་བྱུང་ཡོད།

སུའུ་ཧྥུ་ཡིས་ཁེ་ལས་ཀྱི་ངོས་ནས་བཤད་ན། ལག་བསྟར་བསམ་འཆར་ནང་བཏོན་པའི་འབྲེལ་ཡོད་བཀོད་སྒྲིག་ལ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པ་དང་། ཁེ་ལས་ཀྱིས་གསར་གཏོད་མགྱོགས་སུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་ཆེད། སྤུས་ལེགས་གསར་གཏོད་ཀྱི་ཐོན་ཁུངས་དེ་བས་མང་བ་ཁེ་ལས་ལ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཞིང་ལས་ཚན་རྩལ་གྱི་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།

སྔར་ལས་དགེ་མཚན་ལྡན་ཞིང་སྒོ་དབྱེའི་ནུས་ལྡན་གྱི་ཤེས་ལྡན་མི་སྣའི་སྲིད་ཇུས་གསར་པ་འཛུགས་པ་དང་ཞིང་ལས་འཐབ་ཇུས་ཀྱི་ཚན་རིག་པ་དང་། ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་སོགས་རིམ་པ་བཞིན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚན་རིག་ཞིབ་འཇུག་སློབ་གླིང་གི་འགན་འཁུར་བློ་མཐུན་དང་ཚན་རྩལ་དོ་དམ་མི་སྣའི་ནུས་པ་དང་བྱང་ཚད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཚན་ཞིབ་སློབ་གླིང་གིས་གོ་མིང་ཞིབ་དཔྱད་དང་གོ་གནས་རིམ་སྤོར་སོགས་ཀྱི་ཐད་ཚན་རྩལ་གསར་གཏོད་དང་། གྲུབ་འབྲས་གཞན་སྒྱུར། ཚན་རྩལ་དོ་དམ། ཚན་ཞིབ་གཞོགས་འདེགས་བཅས་ཀྱི་ལས་དོན་སྒྲུབ་མཁན་མི་སྣར་རིགས་དབྱེའི་གདེང་འཇོག་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ཤེས་ལྡན་མི་སྣར་དམིགས་ནས་ལག་བསྟར་བསམ་འཆར་ནང་ཞིང་ལས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བའི་འབྲེལ་ཡོད་བྱ་ཐབས་བཏོན་ཏེ། ཞིང་ལས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣར་མཐོང་ཆེན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་དཔྱད་ཞིབ་དམིགས་ཚད་འཐུས་སྒོ་ཚང་དུ་གཏོང་བ་བཅས་དཔྱད་ཞིབ་དམིགས་ཚད་ཀྱི་ཁ་ཕྱོགས་གསལ་པོ་བཟོ་དགོས།

གཞན་ཡང་། ལག་བསྟར་བསམ་འཆར་ནང་ད་དུང་ཞིང་ལས་ཚན་རྩལ་ཆ་རྐྱེན་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ནས་ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཕན་ནུས་ལེགས་སུ་གཏོང་ཆེད་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་རེད།

ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་ལག་བསྟར་བསམ་འཆར་དེ་ཞིབ་འཇུག་བྱས་ནས་བཏོན་པའི་དམིགས་ཡུལ་ནི་ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཕན་ནུས་ལེགས་སུ་གཏོང་རྒྱུར་དམིགས་པ་དང་། བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་བཀོད་སྒྲིག་ལེགས་སུ་གཏོང་བ། རིམ་པ་ཁག་དང་རིགས་ཁག་གི་ལེགས་ཆའི་ཚན་ཞིབ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཚན་རྩལ་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་བསལ་བ་བཅས་བྱས་ནས་གསར་གཏོད་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ་དང་། གསར་གཏོད་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་འབད་ལ་བརྟེན་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་འདེགས་སྐྱོར་ཏན་ཏིག་བྱ་རྒྱུ་དེ་ཡིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་འབྱོར་བའི་གློག་འཕྲིན)

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 ལག་བསྟར་བསམ་འཆར་དེར་བཀོད་སྒྲིག་ཁ་གསལ་བྱས་ཡོད། 6 6 拉萨日报藏文 c200815.html 1 ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ ཕན་ནུས་ལེགས་སུ་བཏང་བ། /enpproperty-->