分享按钮

རང་རྒྱལ་གྱིས་སྲིད་དོན་གྱི་གྲངས་གཞི་བདེ་འཇཊ་དང་།གོ་རིམ་ལྡན་པ། ལས་ཕྱོད་མཐོ་བ་བཅས་ཀྱི་སྒོ་ནས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་གྲངས་གཞིའི་བདེ་འཇགས་ལ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་གྲངས་གཞིའི་བཀག་རྒྱ་གཏོར་ནས་སྤྱི་པའི་ཞབས་ཞུར་སྔར་བས་ཁྱོན་ཡོངས་དང་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གྱི་གཞི་གྲངས་ཆེན་པོའི་མ་ལག་འཛུགས་པ་དང་། གྲངས་གཞིའི་ཐོན་ཁུངས་མཉམ་འདྲེས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་དང་ཐོན་ལས་འབྱུང་ཁམས་དར་རྒྱས་ཡོང་བའི་ནུས་པ་སྔར་ལས་ལེགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་དགོས་ཞེས་གསུངས་གནང་བ་རེད།

ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མེང་ཆིང་གོ་ཡིས་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་བྱེད་པ་ནི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང་སྲིད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་ཞིང་། སྲོལ་ཡིག་གིས་སྲིད་འཛིན་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་ཀྱི་འབྲེལ་ཡོད་ནང་དོན་ཐོག་མར་གསལ་དུ་བཏང་བ་དེས་རང་རྒྱལ་གྱི་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་དུས་རིམ་གསར་པར་སླེབས་པ་མཚོན་གྱི་ཡོད་ཅེས་བཤད་པ་རེད།

མེང་ཆིང་གོ་ཡིས་སྲོལ་ཡིག་བཏོན་པ་དེས་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་བྱེད་པའི་ཁྲོད་ཀྱི་འགག་གནས་སེལ་རྒྱུར་རོགས་རམ་བྱས་ནས་གྲངས་གཞི་མཁོ་སྤྲོད་དང་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ། དེ་དང་ཆབས་ཅིག་དབང་ཆ་དང་འགན་འཁྲིའི་བླང་བྱ་ཁ་གསལ་བྱས་པ་བརྒྱུད་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་ལས་དོན་ཁྲོད་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་བྱ་རྒྱུ་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་དགོས་ཞེས་བཤད།

ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡུས་ཞའོ་ཧུའེ་ཡིས་སྲིད་དོན་གྱི་གྲངས་གཞི་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་དམངས་འཚོར་འགན་ལེན་བྱེད་པ་སོགས་ཀྱི་འགག་རྩའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བར་གྲངས་གཞིའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱེད་པའི་འགན་ལེན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་དགོས་ཞེས་བཤད་པ་རེད།

ཡུས་ཞའོ་ཧུའེ་ཡིས་དེའི་གོང་རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་སྲིད་དོན་གྱི་གྲངས་གཞིའི་བདེ་འཇགས་འགན་ལེན་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་བླང་བྱ་ཁ་གསལ་བཟོས་ཡོད། ད་ཐེངས་ཀྱི་སྲོལ་ཡིག་དེའི་རྨང་གཞིའི་ཐོག་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་བྱེད་པའི་ཐད་ཀྱི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་ཅེས་བཤད།

མེང་ཆིང་གོ་ཡིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གྱི་གཞི་གྲངས་ཆེན་པོའི་ཁྱབ་ཁོངས་ལ་བརྟེན་ནས་རིམ་པ་ལས་བརྒལ་བ་དང་། ས་ཁོངས་ལས་བརྒལ་བ། མ་ལག་ལས་བརྒལ་བ། སྡེ་ཚན་ལས་བརྒལ་བ། ལས་སྒོ་ལས་བརྒལ་བ་བཅས་ཀྱི་སྲིད་དོན་གྱི་གྲངས་གཞི་མཉམ་སྤྱོད་མངོན་འགྱུར་ཐུབ་པར་བྱས་ན། སྲིད་གཞུང་གི་སྡེ་ཚན་དབར་གྱི་མཐུན་སྦྱོར་དོ་དམ་གྱི་ནུས་པ་དང་ཁེ་ལས་ལ་ཕན་པ་ཡོད་པའི་དམངས་ཕན་ཞབས་ཞུའི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་ལས་ཕྱོད་ཆེ་བའི་བྱ་བ་གཅིག་སྒྲུབ་ཐུབ་པ་དང་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200814.html 1 རང་རྒྱལ་གྱིས་སྲིད་དོན་གྱི་གྲངས་གཞི་བདེ་འཇཊ་དང་།གོ་རིམ་ལྡན་པ། ལས་ཕྱོད་མཐོ་བ་བཅས་ཀྱི་སྒོ་ནས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->