(པར་ངོས་དང་པོར་མཐུད)དམག་མིའི་རོལ་ཆ་རུ་ཁག་གིས《བླ་ན་མེད་པའི་དམག་འཁྲུག》ཅེས་པའི་རོལ་དབྱངས་དཀྲོལ་བ་དང་གཟབ་སྦྲེང་རུ་ཁག་གིས་ཨུ་རུ་སུའི་རྒྱལ་དར་དང་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་གི་རྒྱལ་ཁའི་དར་ཆ་སྲུང་སྐྱེལ་བྱེད་བཞིན་མཛས་སྒོ་འཚོགས་ཡུལ་དུ་འཛུལ་བ་རེད།
ཕུའུ་ཅིང་གིས་ཤིས་ཚིག་གསུང་སྐབས་སུའུ་ལེན་གྱིས་རང་སྲོག་བློས་བཏང་ནས་མིའི་རིགས་ཡོངས་ཀྱི་ཞི་བདེ་དང་རང་དབང་སྲུང་སྐྱོང་བྱས་ཡོད།ང་ཚོས་རྒྱལ་ཁ་ཐོབ་པའི་དུས་སུ་ཕ་མེས་ཀྱི་ཕུགས་འདུན་རྒྱུན་འཛིན་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ནམ་ཡང་བླ་ན་མེད་པའི་གཟི་བརྗིད་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན།ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་བརྒྱབ་པར་ང་ཚོས་ཀྲུང་གོ་མི་དམངས་ཀྱིས་མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན།ང་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ལོ་རྒྱུས་དཔྱད་གཞིར་འཛིན་དགོས།རྒྱལ་ཁ་ནི་བླ་ན་མེད་པ་ཞིག་ཡིན་པས་ལོ་རྒྱུས་ལ་གཡོ་བཅོས་བྱེད་མི་རུང་ལ་རྒྱལ་ཁ་ཐོབ་མཁན་ལ་བརྙས་བཅོས་བྱེད་མི་རུང་།ལོ་རྒྱུས་དང་གཞུང་དྲང་ནམ་ཡང་ང་ཚོའི་ཕྱོགས་སུ་ཡོད།
དེ་རྗེས་དམག་མིའི་རོལ་ཆ་རུ་ཁག་གིས་ཨུ་རུ་སུའི་རྒྱལ་གླུ་དཀྲོལ་བ་དང་ཐང་ཆེན་དམར་པོའི་ཐོག་རྟེན་འབྲེལ་མེ་སྒྱོགས་བརྒྱབ་ནས་གཟབ་རྒྱས་ཀྱི་དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་།གཟིགས་ཞིབ་དང་ལེན་བྱེད་མཁན་རུ་སྟར་གྲུ་བཞིས་གོམ་སྟབས་འགྲིག་པོས་ཐང་ཆེན་དམར་པོ་ནས་རིམ་བཞིན་བསྐྱོད། དམག་གཟིགས་མཛད་སྒོའི“ལོ་རྒྱུས”ཀྱི་ཆ་ཤས་སུ་ཨུ་རུ་སུའི་དཔོན་དམག་ཚོས་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་དུས་སྐབས་ཀྱི་དམག་ཆས་གྱོན་པ་དང་།སྐབས་དེ་དུས་ཀྱི་དམག་དར་མཐོན་པོར་སྒྲེང་བ།སྐབས་དེ་དུས་ཀྱི་མཚོན་ཆ་དམ་པོར་བཟུང་བ།སྙིང་སྟོབས་ཆེར་སྐྱེད་ཀྱིས་གཟིགས་ཞིབ་དང་ལེན་བཅས་བྱས་ཏེ་མི་རྣམས་ཀྱིས་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་བརྗིད་ཉམས་ལྡན་པའི་ལོ་ཟླར་ཕྱིར་ཁྲིད་ཡོད།དམག་གཟིགས་མཛད་སྒོའི“དེང་རབས”ཀྱི་ཆ་ཤས་སུ་ཨུ་རུ་སུའི་དམག་རིགས་དང་དཔུང་རིགས་ཁག་གི་རུ་སྟར་གྲུ་བཞི་དང་དེང་རབས་གོ་མཚོན་སྒྲིག་ཆས་ཀྱི་རུ་སྟར་གྲུ་བཞི་གྲལ་སྟར་འགྲིག་པོས་གཟིགས་ཞིབ་དང་ལེན་བྱས་པ་རེད། མཁའ་དམག་འཕུར་སྐྱོད་དཔུང་རུས་ཐང་ཆེན་དམར་པོའི་མཁའ་དབྱིངས་སུ་ལྡིར་སྒྲ་སྒྲོག་པ་དང་བསྟུན་ནས《རྒྱལ་ཁའི་ཉིན་མོ》ཞེས་པའི་རོལ་དབྱངས་མཚམས་མི་ཆད་པར་གྲགས།ཀྲུང་གོ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་རུ་སྟར་གྲུ་བཞི་ཡང་གདན་ཞུས་ལྟར་དམག་གཟིགས་མཛད་སྒོར་ཞུགས་པ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གསུམ་གཟབ་སྦྲེང་རུ་ཁག་གི་རུ་སྟར་གྲུ་བཞིས་དམག་མིའི་ངར་ཤུགས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་གོམ་སྟབས་སྤོས་ཏེ་ཐང་ཆེན་དམར་པོར་བསྐྱོད།
རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པ་མཉམ་དུ་ཐང་ཆེན་དམར་པོ་ནས་ཡ་ལི་ཧྲན་ཏ་མེ་ཏོག་ལྡུམ་རར་ཕེབས་ཏེ་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་ཕུལ་བ་དང་འབྲེལ་གུས་སྟབས་ཀྱིས་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། དེ་རྗེས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་སྲིད་འཛིན་ཕུའུ་ཅིང་གིས་འཚོགས་པའི་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་གསོལ་སྟོན་ལ་ཞུགས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社