分享按钮

“སྟོང་རིའི་རྩེར་སོན”གདན་ཞུའི་རྟ་རྒྱུག་སྐབས་གཉིས་པས་ས་མཐོའི་ཡུལ་ཁོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ།

​ འགྲན་བསྡུར་ཟླ་4ཚེས་27ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ།

པར་འདི་ནི་རྟ་པས་རྟ་ཕོ་ཁྲིད་དེ་འགོ་ཚུགས་མཛད་སྒོར་ཞུགས་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་23ཉིན། འདམ་གཞུང་རྫོང་གི“འདམ་སྤྱི་རིམ”རྟ་རྒྱུག་གི་རིམ་སྤེལ་བྱེད་སྒོ་ལས“སྟོང་རིའི་རྩེར་སོན”གདན་ཞུའི་རྟ་རྒྱུག་སྐབས་གཉིས་པ་དངོས་སུ་འགོ་ཚུགས་ཤིང་། བོད་ལྗོངས་དང་། ཡུན་ནན། ཀན་སུའུ། མཚོ་སྔོན། སི་ཁྲོན་བཅས་ལྗོངས་དང་ཞིང་ཆེན་ལྔ་ནས་ཡོང་བའི་ཅང་ཤེས་རྟ་མཆོག་403གྱིས་ཤེད་ཤུགས་འགྲན་བསྡུར་དང་མྱུར་ཚད་འགྲན་བསྡུར་སོགས་རྣམ་གྲངས་12ཁྲོད་དུ་འགྲན་བསྡུར་དྲག་པོ་བྱ་རྒྱུ་ཡིན་པ་དང་། འགྲན་བསྡུར་གྱི་བྱ་དགར་ཁྱོན་སྒོར་ཁྲི་189ཡོད་ཅིང་། དེའི་ནང་ནས་ས་གནས་དེ་གའི་རྟའི་སྙུགས་ཤེད་འགྲན་བསྡུར་གྱི་རྣམ་གྲངས་རྐྱང་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི་6ཡོད། ད་ཐེངས་ཀྱི་འགྲན་བསྡུར་དེ་ཟླ་4ཚེས་27ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་ཐོག གཟབ་མཆོར་ལེགས་པར་སྤྲས་པའི་རྟ་པས་རྟ་ལ་བཞོན་ནས་ར་བ་བསྐོར་ཞིང་། སྲོལ་རྒྱུན་གྱི་རྟ་རྒྱུག་མཛད་སྒོ་དང་གླུ་གར་འཁྲབ་སྟོན་གཉེར་ནས་ལོ་ངོ་སྟོང་གི་རྟ་ཐོག་གི་རིག་གནས་མངོན་པར་བྱས་ཡོད། འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་གིས། ང་ཚོས་རྟ་གཞི་རྩར་བྱས་ནས། འགྲན་བསྡུར་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་གཏོད་བཞིན་ཡོད་ཅེས་བཤད། བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཀྱི་འགྲེམས་ཁུལ་ཆེད་དུ་བཟོས་ཡོད་ཅིང་། དེའི་ནང་ཐང་ག འབྲི་གཡག་གི་འཐག་ལས་ཐོན་རྫས། བོད་བཟོའི་མཛེས་རྒྱན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་200ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

ཚོང་པ་ཚེ་གཡང་བཟང་མོས། ན་ནིང་གི་རྟ་རྒྱུག་རིང་ཉིན་རེར་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཡོད། ད་ལོར་ང་ཚོས་འཕྲོད་བསྟེན་གྱི་ཚད་གཞི་མཐོ་རུ་བཏང་ཡོད་ཅེས་བཤད། ཚོང་པ་ཚེ་གཡང་བཟང་མོའི་ཇ་ཁང་ནས་ཇ་བསྲུབས་མ་དང་ཤ་བསྲེགས་མའི་དྲི་ཞིམ་འཐུལ་ཞིང་། ཉེ་འཁོར་གྱི་ཚོང་པ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཚོང་གཉེར་སྐྱོང་བྱེད་པར་སླེབས་ཡོད།

“འདམ་སྤྱི་རིམ”གྱི་གྲགས་རྟགས་ལ་བརྟེན་ནས། འདམ་གཞུང་རྫོང་གིས་འགྲན་བསྡུར་རྐྱང་པ་དེ་ལོ་ཧྲིལ་པོར་མྱོང་རོལ་ཐུབ་པའི་རྟ་རྩལ་གྱི་སློབ་སྦྱོང་དང་རྩྭ་ཐང་དུ་སྒར་འདེབས་པ་སོགས་ཡུལ་སྐོར་ཐོན་རྫས་སུ་རྒྱ་སྐྱེད་གཏོང་བཞིན་ཡོད། གྲགས་རྟགས་ཀྱི་ཕན་འབྲས་མངོན་པ་དང་བསྟུན་ནས། ས་གནས་དེ་གས་རྟ་རྒྱུག་བྱེད་སྒོ་དེ་གནམ་མཚོའི་མཛེས་ལྗོངས་ཁུལ་དང་སྦྲེལ་མཐུད་བྱས་ཏེ། དུས་བཞིའི་རྟ་རྩལ་ཉམས་ལེན་རྣམ་གྲངས་གསར་སྤེལ་བྱས་ཡོད། ཝང་ཡུང་གིས། ང་ཚོས་ཡུལ་སྐོར་བར་དབྱན་དགུན་སྟོན་དཔྱིད་ཚང་མའི་རིག་གནས་ཀྱི་བྱེད་སྒོ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས། འདམ་གཞུང་གི་རྟ་ཕོའི་རྨིག་སྒྲ་ལས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་ཚད་མཐོའི་འཕེལ་རྒྱས་མངོན་ངེས་ཡིན་ཞེས་བཤད་པ་རེད།

ས་མཐོའི་རྟ་རྒྱུག་འདུ་ཚོགས་གཟབ་རྒྱས་འདི་ནི་རྩལ་ནུས་ཀྱི་འགྲན་བསྡུར་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན། འདམ་གཞུང་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་གངས་ལྗོངས་ས་མཐོའི་རིག་གནས་དར་རྒྱས་དང་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་སྦྱིན་བཞིན་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 ​ འགྲན་བསྡུར་ཟླ་4ཚེས་27ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ། 6 6 拉萨日报藏文 c199984.html 1 “སྟོང་རིའི་རྩེར་སོན”གདན་ཞུའི་རྟ་རྒྱུག་སྐབས་གཉིས་པས་ས་མཐོའི་ཡུལ་ཁོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ། /enpproperty-->