分享按钮

ལྷ་ཀླུའི་འདམ་ར་རུ་2025ལོའི་སྐབས་དང་པོའི་འབྱུང་ཁམས་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཆེད་དོན་འཆད་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ཀླུའི་འདམ་རའི་འབྱུང་ཁམས་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ཀྱི་ད་ལྟའི་གནས་ཚུལ་དང་འགྲན་སློང་ལ་བགྲོ་གླེང་གཏིང་ཟབ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་གསར་ཤོས་མཉམ་སྤྱོད་བྱ་ཆེད། ཉེ་ཆར་ལྷ་ཀླུའི་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་2025ལོའི་སྐབས་དང་པོའི་ལྷ་ཀླུའི་འདམ་རའི་འབྱུང་ཁམས་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་དེ་ས་མཐོའི་འདམ་རའི་འབྱུང་ཁམས་སླར་གསོ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གྲོས་གཞི་གཙོ་བོར་དམིགས་ནས་སྤེལ་བ་ཞིག་རེད། ལྷ་ཀླུའི་འདམ་ར་འདི་ཉིད་ལྷ་སའི་གློ་བ་ལྟ་བུ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་ལག་རྩལ་གསར་གཏོད་དང་། སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད་འབྱུང་ཁམས་སྲུང་སྐྱོང་གི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པར་བྱས་ཡོད།

ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་སློབ་མ་ཚེ་འཛོམས་ཀྱིས་དགེ་རྒན་ཚོས་ཚན་རིག་གི་བྱ་ཐབས་ལ་བརྟེན་ནས་ཉེ་འགྲམ་གྱི་འདམ་རའི་འབྱུང་ཁམས་མ་ལག་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་ཐད་འགྲེལ་བཤད་བརྒྱབ་པ་དང་། དེ་རིང་གི་སློབ་སྦྱོང་བརྒྱུད་ངས་རང་བྱུང་ཁམས་ཀྱི་ངོ་མཚར་ལ་ངོས་འཛིན་ཐུབ་བྱུང་། ལྷ་སའི་འབྱུང་ཁམས་ཁོར་ཡུག་ཇེ་ལེགས་དང་ཇེ་མཛེས་སུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ད་ཐེངས་ཀྱི་འཆད་ཁྲིད་ནང་སྤྱི་དམངས་ལ་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་སྤྱི་ཚོགས་ཀྱིས་ལྷ་ཀླུའི་འདམ་ར་སྲུང་སྐྱོང་ལ་མཐོང་ཆེན་བྱེད་ཚད་ཆེ་རུ་བཏང་བ་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱས་ཡོད། དེ་དང་ཆབས་ཅིག་རིག་གཞུང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་འབྱུང་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་ལག་རྩལ་གསར་ཤོས་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ས་མཐོའི་འདམ་ར་སྲུང་སྐྱོང་ལ་སྒུལ་ནུས་གསར་པ་བསྣན་ཡོད།

པེ་ཅིང་ནགས་ལས་སློབ་ཆེན་གྱི་མཐོ་རིམ་ཚོད་ལྟའི་དགེ་རྒན་ཡེ་ཡོན་ཤིང་གིས་ལྷ་ཀླུའི་འདམ་རར་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། ས་མཐོའི་འདམ་རའི་འབྱུང་ཁམས་མ་ལག་ཀྱང་ཆ་ཚང་པོ་ཡོད། ང་ཚོས་འཆད་ཁྲིད་མཉམ་སྤྱོད་བྱས་ཏེ་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་དང་ལག་རྩལ་ལྷ་སར་ཁྱབ་གདལ་དུ་བཏང་ནས་ལྷ་ཀླུའི་འདམ་ར་རྒྱལ་ཡོངས་ཀྱི་སྲུང་སྐྱོང་དཔེ་སྟོན་ཁུལ་དུ་བསྐྲུན་འདོད་ཡོད་ལ།སྔར་ལས་མང་བའི་མི་ལྷ་སར་ཕེབས་ནས་འདི་གའི་མཛེས་སྡུག་ལྡན་པའི་མི་ཆོས་དང་རང་བྱུང་ཡུལ་ལྗོངས་ལ་ལྟ་སྐོར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199979.html 1 ལྷ་ཀླུའི་འདམ་ར་རུ་2025ལོའི་སྐབས་དང་པོའི་འབྱུང་ཁམས་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཆེད་དོན་འཆད་ཁྲིད་བྱས་པ། /enpproperty-->