分享按钮

ཁྲེང་ཀོན་ཆུས་ཀྱི་གཙོ་གནད་རྣམ་གྲངས་51 གཅིག་སྡུད་ཐོག་ལས་འགོ་བཙུགས་པ།

(པར་ངོས་དང་པོར་མཐུད)རྣམ་གྲངས་ཀྱི་འགན་འཁུར་བ་ཚེ་རིང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།རྣམ་གྲངས་ཀྱི་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5609.13ཡོད་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་2180བཏང་བ།གྲོང་ཚོའི་མཉམ་སྡེབ་ཀྱིས་མ་རྩ་རང་གྲབས་བྱས་ནས་སྐྲུན་པ་ཞིག་ཡིན་ཞིང་།བསྐྲུན་རྗེས་གྲང་ཕྲེང་མཛོད་ཉར་དང་ཞིང་ཟོག་ཉོ་ཚོང་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁྲོམ་ར་ཞིག་ཆགས་རྒྱུ་རེད།ཚེ་རིང་བཀྲ་ཤིས་ཀྱིས་མིག་སྔར།རྨང་གཞིའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་།ད་དུང་བརྒྱ་ཆ་20ལེགས་གྲུབ་ཟིན་མེད་པས།སྔོན་དཔག་བྱས་ན་ཟླ་6པར་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།

ཉོ་ཚོང་ཁྲོམ་རའི་གྲང་མཛོད་བེད་སྤྱོད་བྱས་རྗེས་མཐའ་འཁོར་གྱི་གྲོང་མི་ལ་སྟབས་བདེའི་ཉོ་སྒྲུབ་བྱ་ཡུལ་མཁོ་འདོན་ཐུབ་པར་མ་ཟད།ད་དུང་ཚོང་ཁང་བོགས་མར་གཏོང་བ་དང་ཐོན་ལས་ཁེ་སྤོགས་བགོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ཐད་ཀར་མང་དུ་བཏང་ཐོག་ཁྲོམ་ར་གཉེར་སྐྱོང་དང་ཡུལ་མིར་ཁེ་ཐོབ་ཟུང་འབྲེལ་གྱི་འཁོར་སྐྱོད་བཟང་པོ་ཞིག་ཆགས་རྒྱུ་རེད།

དེ་དང་ཆབས་ཅིག་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1.1ཡིན་པའི་ལྷ་སའི་གནའ་གྲོང་བར་སྐོར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ལས་གྲྭ་སྤེལ་བཞིན་ཡོད་པ་རེད།རྣམ་གྲངས་འདི་ནི་གླིང་སྐོར་ཤར་ལམ་ནས་རྡོ་སེང་གེ་ལམ་བར་གྱི་ལྟེ་བའི་ས་ཁོངས་སུ་ཁྱབ་ཡོད་ཅིང་།ཁྲོམ་གཞུང་དང་སྲང་ལམ་101ལ་ལམ་འདིང་སྒྱུར་བཀོད་དང་།ཁྲོམ་གཞུང་དང་སྲང་ལམ་35ཡི་ཆུ་མཁོ་འདོན་དང་ཆུ་འབུད་སྦུ་གུ་རིམ་སྤོར།སྤྱི་པའི་གསང་སྤྱོད་49ཡི་སྤུས་ཚད་ལེགས་གཏོང་བཅས་བྱ་རྒྱུའི་འཆར་གཞི་ཡོད་པར་མ་ཟད།དུས་མཉམ་དུ་གྲོང་ཁྱེར་གྱི་སྒྲིག་ཆས་གསར་བརྗེས་དང་།བྱེད་ནུས་མང་བའི་རིག་ནུས་གློག་ཤིང་སྒྲིག་སྦྱོར་དང་དེ་བཞིན་མེ་ཟོན་དང་། འཕྲིན་གཏོང་།གློག་ཤུགས་བཅས་ཀྱི་མ་ལག་ལེགས་སུ་གཏོང་རྒྱུ་རེད།ཁྲེང་ཀོན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་ཕུན་གྱིས་འཛམ་གླིང་རིག་གནས་ཤུལ་བཞག་གནས་ཡུལ་གྱི་སྐར་ཁུང་ལས་གྲྭ་ཞིག་ཡིན་པའི་ཆ་ནས་རྣམ་གྲངས་དེས་གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཉམས་ཞན་ལྷུ་ཚིགས་རྦད་དེ་ལེགས་སུ་གཏོང་བ་དང་།ཆུ་འབུད་སྦུ་གུ་ཡུག་སྦྲེལ་འཕེལ་རྒྱས་བཏང་སྟེ་ལོ་རྒྱུས་ཀྱི་ཉམས་བཟང་ལ་སྲུང་སྐྱོང་བྱ་རྒྱུ་མ་ཟད།གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་བཏང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།འདི་ལོ་ཁྲེང་ཀོན་ཆུས་ཀྱིས་རྣམ་གྲངས་ཁྱོན་111གཉེར་རྒྱུའི་གྲ་སྒྲིག་བྱས་པ་དང་།ཟླ་4པའི་ཟླ་སྟོད་བར་རྣམ་གྲངས་51ལས་འགོ་བཙུགས་ཡོད།དུས་ཚིགས་དང་པོའི་ནང་སྔོན་དཔག་བྱས་ན་མ་འཇོག་སྒོར་དུང་ཕྱུར་9.71ལེགས་གྲུབ་བྱ་རྒྱུ་ཡིན་པ་དེ་སྔོན་དཔག་བྱས་ན་དུས་མཚུངས་ལས་མ་འཇོག་བརྒྱ་ཆ་34འཕར་རྒྱུ་རེད།ཁྱད་ལྡན་ཞིང་ཟོག་ཁྲོམ་ར་དང་།གནའ་གྲོང་བར་སྐོར་གྱི་སྒྲིག་བཀོད་ལེགས་སུ་གཏོང་བའི་ལས་གྲྭ་ཕུད།ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་།ཁེ་ལས་ཀྱི་མ་འཇོག་ཐོན་ལས་རྣམ་གྲངས་སོགས་དམངས་འཚོའི་ལས་གཞི་དང་དཔལ་འབྱོར་འཕེལ་རྒྱས་ལ་དུས་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་རེད།ཚེ་ཕུན་གྱིས་ང་ཚོས་ཞན་ཆ་གསབ་པ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་གཞི་འཛིན་སར་བྱས་ཏེ་དུས་ཚིགས་གཉིས་པའི་འཛུགས་སྐྲུན་དམིགས་ཚད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལོ་སྟོད་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་མངོན་འགྱུར་ཡོང་བར་བྱས་ཐོག་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དང་ནུས་པ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202771.html 1 ཁྲེང་ཀོན་ཆུས་ཀྱི་གཙོ་གནད་རྣམ་གྲངས་51 གཅིག་སྡུད་ཐོག་ལས་འགོ་བཙུགས་པ། /enpproperty-->