(པར་ངོས་དང་པོར་མཐུད)དེའི་ནང་ཟངས་དཀར་སྒང་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རྡོ་ཆས་ཐོན་རྫས་ལ་འོད་འཕྲོ་འོད་འཇལ་གྱི་བརྟག་དཔྱད་བྱས་ནས་མངོན་པ་ལྟར་ན། དེའི་རིག་གནས་རིམ་པའི་ལོ་རབས་ནི་ད་བར་ལོ་ཁྲི་10ལས་མི་ཕྱི་བ་ཡོད། ཤུ་མ་བྲག་ཕུག་གི་དུས་མཇུག་གི་རྡོ་ཁང་བང་སོ་ནི་མངའ་རིས་དགེ་རྒྱས་རྫོང་ནས་ཐོག་མར་གསར་རྙེད་བྱུང་བ་དང་ས་འོག་ནས་བཏོན་པའི་སྤུར་རྒྱལ་དུས་སྐབས་ཀྱི་བང་སོ་ཡིན་པར་མ་ཟད། ལོ་རབས་ནི་སྤྱི་ལོའི་དུས་རབས་4པ་ནས་5པ་བར་ཡིན། དགའ་ཉིད་གནའ་ཤུལ་རྡོ་ཆས་ཕྲ་མོའི་ཐོན་སྐྱེད་ལག་རྩལ་ལས་མངོན་པར་གཞིགས་ན། གནའ་ཤུལ་དེ་རང་རྒྱལ་གྱི་ཧྭ་པེ་ས་ཁུལ་གྱི་རྡོ་ཆས་རྙིང་པའི་དུས་མཇུག་གི་རྡོ་ཆས་ཕྲ་མོའི་ལག་རྩལ་གྱི་གནའ་ཤུལ་གྱི་ཁྱད་ཆོས་དང་འདྲ་པོ་ཡོད།
རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་ཚོགས་པའི་མ་བུ་མཚོའི་གནའ་ཤུལ་དང་ལ་ཕབ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས་གསར་རྙེད་བྱུང་བའི་ཐོག་ནས་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁོངས་ཀྱི་ལོ་རྒྱུས་སྔོན་གྱི་མི་ཚོགས་དང་མཐའ་འཁོར་ས་ཁུལ་དབར་གྱི་རིག་གནས་རྒྱུན་འཛིན་དང་སྤེལ་རེས་མངོན་ཏེ། ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་ཡིན་པ་ར་སྤྲོད་བྱ་རྒྱུར་དཔང་རྟགས་ནུས་ལྡན་མཁོ་འདོན་བྱས་ཡོད། དེའི་ནང་མ་བུ་མཚོའི་གནའ་ཤུལ་གྱི་ལོ་རབས་ད་བར་ལོ་ངོ་4800ནས་2000ལོ་བར་བརྒལ་བ་དེ་ནི་མིག་སྔར་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་ས་བབ་མཐོ་ཤོས་དང་། ལོ་རབས་སྔ་ཤོས། རྒྱུན་མཐུད་ཀྱི་དུས་ཚོད་རིང་ཤོས། རིག་གནས་ཀྱི་གོ་རིམ་ཆེས་གསལ་ཤོས་བཅས་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་མཚོ་འགྲམ་གྱི་གནའ་ཤུལ་ཞིག་རེད།
སྔ་དུས་ཀྱི་ལྕགས་རིགས་དུས་རབས་ཀྱི་གནའ་ཤུལ་ཚོགས་པའི་རྣམ་གྲངས་སེང་དར་ལུང་མདོའི་བང་སོ་དང་། སྒོ་གཞུང་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས་གསར་རྙེད་བྱུང་བ་དེས་མཚོ་བོད་ས་མཐོའི་སྔ་དུས་ཀྱི་ལྕགས་རིགས་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། དེའི་ནང་གསང་མདའ་ལུང་མགོའི་བང་སོ་ལོ་ངོ་སྟོང་རིང་བེད་སྤྱོད་བྱས་ཡོད་པ་དང་། བང་སོའི་ཁུལ་གྱི་མེས་པོ་རྣམས་སྐབས་དེར་དབུལ་ཕྱུག་གི་ཧེ་བག་ཐོན་པ་དང་། གྲལ་རིམ་ཁ་གྱེས་པ། དམིགས་བསལ་དབང་ཆ་ཡོད་པའི་གྲལ་རིམ་རིམ་བཞིན་ཆགས་པ་བཅས་ལས་སྐབས་དེའི་སྤྱི་ཚོགས་རྩ་འཛུགས་གྲུབ་སྟངས་ལ་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད། སྒོ་གཞུང་གནའ་ཤུལ་ནས་གསར་རྙེད་བྱུང་བའི་ལུང་འཕྲེད་རྫ་སྣོད་དང་སྦྲུལ་རིས་མེ་ལོང་གཉིས་དང་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤིན་ལུང་རྫོང་ལུང་རིའི་བང་སོ་ནས་གསར་རྙེད་བྱུང་བའི་སྦྲུལ་རིས་མེ་ལོང་མངོན་གསལ་དོད་པའི་ཆ་འདྲ་བ་ཡོད་པ་དེའི་ཐོག་ནས་བོད་དབུས་རྒྱུད་ཀྱི་དུས་སྐབས་དེ་དང་མཐའ་འཁོར་ས་ཁོངས་དབར་རིག་གནས་སྤེལ་རེས་བྱུང་ཡོད་པ་མངོན་ཡོད།
སྤུར་རྒྱལ་དུས་སྐབས་ཀྱི་འོན་ཅང་དོའི་གནའ་ཤུལ་ལས་གཡུ་རྩིའི་སོ་ཕག་དང་། རྫ་ཆས། རུས་ཆས། འཇིམ་ཆས། རྡོའི་ཀ་གདན། ལྕགས་ཆས་སོགས་ཀྱི་ཤུལ་རྫས་མང་པོ་གསར་རྙེད་བྱུང་ཡོད་པ་རེད། གནའ་ཤུལ་དེ་ལོ་ངོ་སྟོང་རིང་སྤྱད་ཡོད་པ་དང་། གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་གྲུབ་འབྲས་ལས་སྐབས་དེའི་མཚོ་བོད་ས་མཐོའི་དབུས་རྒྱུད་དང་གཤོང་སའི་དབུས་རྒྱུད་ཐང་རྒྱལ་རབས་དང་དེ་བཞིན་མཐའ་འཁོར་ས་ཁོངས་དབར་དངོས་ཟོག་དང་རིག་གནས་སྤེལ་རེས་དམ་ཟབ་ཡོད་པས་སྤྱི་ལོའི་དུས་རབས་7པ་ཚུན་གྱི་དར་གོས་ལམ་བུའི་ཨེ་ཤེ་ཡ་ལྷོ་མའི་བར་མི་རིགས་མང་པོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社