ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་9ཉིན། གྲོང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྩོམ་རིག་གི་རང་སྒྲ། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པའི《ལྷ་སའི་སྐྱིད་ཆུ》ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་རྩོམ་རིག་ལ་དགའ་པོ་བྱེད་མཁན་དང་། རྩོམ་པ་པོ། རིག་གནས་ལས་རིགས་ཀྱི་མི་སྣ་བཅས་མཉམ་དུ་འཛོམས་ནས་དཔེ་ཀློག་དང་སྒྱུ་རྩལ་མཉམ་འདྲེས་ཀྱི་རྣམ་པ་ཟབ་མོས་ཁེངས་ཡོད།
མཉམ་སྤྱོད་ཚོགས་འདུའི་ཐོག་གྲགས་ཅན་རྩོམ་པ་པོ་མང་པོ་ཞིག་གར་སྟེགས་ཐོག་ཕེབས་ནས་ཁོང་ཚོའི་གསར་རྩོམ་གྱི་མྱོང་ཚོར་དང་དཔེ་དེབ་གསར་རྩོམ་བྱེད་པའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་དང་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུས་ཁོང་གི་བརྩམས་སྒྲུང་རིང་གྲས་གསར་པ《རླུང་བུས་གཡོ་བའི་དབུས་གཙང》ཞེས་པ་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྷ་ས་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨའོ་ཁྲའོ་ཡིས་ཁོང་གི་བརྩམས་སྒྲུང་རིང་གྲས《དྲང་ཐིག་ལེ་དབར་གསུམ》ཞེས་པ་ངོ་སྤྲོད་གནང་བ་དང་། གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའོ་ཝེ་ཙེ་ཡིས་ཁོང་གི་སྙན་ངག་ཕྱོགས་བསྒྲིགས་གསར་པ《བསིལ་རླུང》ཞེས་པ་མཉམ་སྤྱོད་གནང་བ་རེད།
ཚེ་རིང་ནོར་བུས་དེ་རིང་དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི་ནང་ཞུགས་ནས་ལྷན་རྒྱས་དང་མཉམ་དུ་ངའི་བརྩམས་སྒྲུང་རིང་གྲས《རླུང་བུས་གཡོ་བའི་དབུས་གཙང》ཞེས་པ་མཉམ་སྤྱོད་བྱས་པར་ཧ་ཅང་དགའ་པོ་བྱུང་། རྩོམ་རིག་དང་། ཚན་རྩལ། རང་བྱུང་རིག་པ། སྤྱི་ཚོགས་མཚན་ཉིད་རིག་པ་བཅས་ཚུད་པའི་ཕུལ་བྱུང་དཔེ་དེབ་སྣ་ཚོགས་མང་ཙམ་ལྟ་ཀློག་བྱས་ཏེ། ལྟ་ཀློག་གོམས་གཤིས་སུ་འགྱུར་བར་བྱས་ནས་དཔེ་ཀློག་གི་ལྷ་ས་མཉམ་དུ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཀང་ཆིན་དཀྲོལ་གཏོང་དང་། སྙན་ངག་གྱེར་འདོན། གླུ་གཞས་གཏོང་བ་སོགས་ཀྱི་ལེ་ཚན་བར་གསེང་དུ་སྤེལ་ནས་ཚོགས་འདུར་ཞུགས་མཁན་རྣམས་དཔེ་ཀློག་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་གླུ་གཞས་ལས་བྱུང་བའི་ངོ་མཚར་ཉམས་ལེན་ལོངས་སྤྱོད་ཐུབ་པར་བྱས་པ་རེད། ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་བ་དང་དེའི་ནང་ཞུགས་མཁན་ཚོས་མཉམ་འགུལ་ཧུར་ཐག་བྱས་ཏེ། ལྟ་ཀློག་དང་གསར་རྩོམ་སོགས་ཀྱི་གླེང་གཞིའི་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社