分享按钮

ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།

(པར་ངོས་དང་པོར་མཐུད) དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ནུས་རྒྱུ་གསར་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན། རིག་ནུས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་གཏོད་འདོད་ཡོད། ཕན་ཚུན་རྒྱུས་ལོན་དང་ཡིད་གཅུགས་ཀྱི་མཛའ་གྲོགས་སྲོལ་རྒྱུན་རྒྱུན་འཛིན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཏིང་ཟབ་པའི་ཨོ་རྩལ་གྱི་བརྩེ་བ་དང་། དོམ་ཁྲའི་བརྩེ་བ་རྒྱུན་འཛིན་ཡག་པོ་བྱས་ནས་སྤྲོ་སྣང་དོད་པའི་དཔྱིད་གསར་དུས་ཆེན་སོགས་མིང་བྱང་རྩ་ཆེན་གཏོད་པ་དང་། ཕན་ཚུན་དབར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་གཞི་ཁྱོན་ཆེ་རུ་བཏང་ནས་གཞོན་ནུ་དེ་བས་མང་བ་ཀྲུང་གོ་དང་སི་ཕེན་གྱི་མཛའ་གྲོགས་ཀྱི་གསོན་ཤུགས་དམག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་དང་སི་ཕེན་གཉིས་ཀ་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན་པས་ཕྱོགས་གཉིས་པོས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཐུན་མོང་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་ནི་སྣེ་མང་འཛམ་གླིང་གི་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་དང་། ཡོ་རོབ་མནའ་འབྲེལ་མཐུན་སྒྲིལ་ལྡན་པའི་སྒོ་ནས་གོང་འཕེལ་དར་རྒྱས་འགྲོ་རྒྱུར་དངོས་སུ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན། མིག་སྔའི་དུས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། གོང་འཕེལ། སྒྱུར་བཅོས། དཔལ་ཡོན་བཅས་ལྡན་པའི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་རྒྱུར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་རོགས་ཟླའི་ངེས་གནས་མཐའ་འཁྱོངས་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་འཐབ་ཇུས་བརྟན་ལྷིང་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་བ་བྱས་ཐོག་ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། སྒོ་ཁྲལ་དམག་འཐབ་ནང་རྒྱལ་ཁ་ཐོབ་མཁན་མེད་པ་དང་། འཛམ་གླིང་དང་ཁ་གཏད་དུ་ལངས་ཚེ། མཐར་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་འགྱུར་ངེས་ཡིན། ལོ་ངོ་70ལྷག་ཙམ་རིང་། ཀྲུང་གོའི་གོང་འཕེལ་ནི་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་པ་ལས་སུ་དང་གང་ཞིག་གིས་གསོལ་རས་གནང་རྒྱུར་སྒུག་ནས་སྡོད་མྱོང་མེད་ལ། གནས་ལུགས་རྒྱུ་མཚན་གང་ཡང་མེད་པའི་ཧམ་གནོན་ལ་དེ་བས་ཀྱང་སྐྲག་མྱོང་མེད། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་བརྟན་འཁྱོངས་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱི་མནའ་འབྲེལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་ཡིན། ཕྱོགས་གཉིས་ཀྱི་དཔལ་འབྱོར་སྤྱི་འབོར་དེ་འཛམ་གླིང་དཔལ་འབྱོར་སྤྱི་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་ནས་དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་དམ་པོ་ཞིག་ཆགས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་སྤྱིའི་འགན་འཁྲི་བསྒྲུབས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། ཕྱོགས་རྐྱང་པའི་བཙན་ཤེད་ཀྱི་བྱེད་སྤྱོད་ལ་ཐུན་མོང་ཐོག་བཀག་འགོག་བཅས་བྱས་ནས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་དྲང་བདེན་དང་དྲང་གཞག་དེ་བཞིན་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོང་ཡང་བྱེད་དགོས།

སང་ཆེ་སིས་གསུངས་དོན། སི་ཕེན་དང་ཀྲུང་གོའི་དབར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20སོང་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོར་གོང་འཕེལ་གྱི་གྲུབ་འབྲས་རླབས་ཆེན་ཐོབ་ནས་འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སི་ཕེན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཉོ་ཚོང་དང་། མ་འཇོག ཚན་རྩལ་གསར་གཏོད། འབྱུང་འཕྲོད་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། སི་ཕེན་གྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་རང་མོས་ཉོ་ཚོང་སྒོ་འབྱེད་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན། ཕྱོགས་རྐྱང་པས་སྒོ་ཁྲལ་སྣོན་བསྡུ་བྱེད་པར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཉོ་ཚོང་དམག་འཐབ་ནང་རྒྱལ་ཁ་ཐོབ་མཁན་མེད། རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། སི་ཕེན་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་ལ་སྲུང་སྐྱོང་དང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་དང་དབུལ་ཕོངས་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202764.html 1 ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ། /enpproperty-->