分享按钮

2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་དོ་ཁུར་དང་སྔགས་བརྗོད་ བྱེད་ཚད་ཡག་པོ་བྱུང་བ།

(པར་ངོས་དང་པོར་མཐུད)ལས་སྟེགས་ཁག་ལ་དོ་ཁུར་བྱེད་མཁན་4505གསར་དུ་འཕར་ཡོད། ཐོག་མར་བསྟན་པ་མཇུག་འགྲིལ་རྗེས། ལེ་ཚན་ཁག་དབྱེ་ནས་བསྟན་ཚད་སྤྱི་འབོར་ཐེངས་ཁྲི་711ཟིན་ཞིང་། མིག་སྔའི་བར། ལས་སྟེགས་ཁག་ནས་བསྟན་ཚད་རིམ་བསགས་བྱས་ན་ཐེངས་ཁྲི་980ཟིན་ཡོད་པ་རེད།

2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱིས་དུས་རབས་གསར་པའི་རྒྱབ་ལྗོངས་ལ་དམིགས་ཏེ། འདི་ནི་ལྷ་ས་ཡིན་ཞེས་པ་གཙོ་དོན་དུ་བྱས་ནས་ཕྱོགས་ཡོངས་ནས་ལྷ་སའི་རིག་གནས་ཀྱི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་རྒྱུ་དམིགས་ཡུལ་དུ་བྱས་ཡོད། ལྷ་ས་འདི་ཉིད་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་དང་། དེང་རབས་ཅན་གྱི་མིའི་འཚོ་སྡོད་དང་འཚམ་པ། མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་ཡིན་པའི་ངོས་ནས་ལྷ་སའི་སྲོལ་རྒྱུན་དང་གསར་དར་དང་། ཡུལ་ཁོངས་དང་འཛམ་གླིང་དབར་མཉམ་འདྲེས་བཅས་ཀྱིས་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལ་ཕུན་སུམ་ཚོགས་པའི་གསར་རྩོམ་གྱི་འབྱུང་ཁུངས་མཁོ་འདོན་བྱས་ཡོད། ལོ་རྒྱུས་དང་། དེང་རབས་། འབྱུང་འགྱུར་བཅས་ཀྱི་ལྷ་སའི་གཙོ་རྐང་འདིར་དམིགས་ཏེ། ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱིས་ལེ་ཚན་སྣ་མང་གི་རྣམ་པའི་ཐོག་ནས་ལྷ་སའི་ཡིད་དབང་འཕྲོག་ཤུགས་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད། 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་ལག་བསྟར་སྤྱི་ཁྱབ་འཁྲབ་ཁྲིད་པ་རིན་འཛིན་གྱིས་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་བསྟན་པར་སྤྱི་ཚོགས་ལས་རིགས་ཁག་གིས་མགྲིན་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ་པ་དང་གྲུབ་འབྲས་དེ་དག་ཐོབ་པ་ནི་འཁྲབ་ཚན་ཚོགས་ཆུང་གི་འཁྲབ་སྟོན་པ་ཚང་མའི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ཅེས་བཤད།

དེ་སྔ་དང་བསྡུར་ན་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་གཉེར་འགོ་ཚུགས་པའི་ལས་དོན་སྤེལ་ཤུགས་དེ་བས་ཆེ་བ་དང་ཁྱབ་ཁོངས་དེ་བས་ཆེ་བ་ཡོད་པ་སྟེ། ལྷོ་ཁ་དང་ནག་ཆུའི་གྲོགས་པོ་ཆུང་ཆུང་གདན་འདྲེན་ཞུས་ནས་བྱིས་པའི་ཞབས་བྲོ《བྱིས་དུས》ཞེས་པ་འཁྲབ་སྟོན་ཡག་པོ་བྱས་པ་ཕུད། ད་དུང་ཆེད་མངག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཆེད་མངགས་གདན་འདྲེན་ཞུས་ནས་སྤྲོ་སེམས་འཁོལ་བའི་ཞབས་བྲོ《དགའ་བའི་གླུ་གར》ཞེས་པ་འཁྲབ་སྟོན་བྱས་པ་དང་། གཞན་ཡང་ལྟད་མོ་བ་རྣམས་ཀྱིས་ཡོངས་ཁྱབ་ཏུ་དགའ་པོ་བྱེད་པའི་བསྟན་འཛིན་དོན་གྲུབ་དང་། སྒོམ་པ། དབང་སྒྲོན་མཚོ། ཚེ་རིང་གཡང་འཛོམས། ནོར་བུ་བསམ་གྲུབ་སོགས་གླུ་པ་ངོ་མཚར་ཆེ་བའི་གར་སྟེགས་ཐོག་རེ་རེ་བཞིན་ཐོན་ནས་ལྟད་མོ་བ་རྣམས་ལ་མཐོང་ཚོར་དང་ཐོས་ཚོར་གཉིས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་བཤམས་ཡོད།

ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་ནས་གར་སྟེགས་ཀྱི་ངོ་མཚར་མངོན་པའི་བར་དང་། དེ་ནས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་པའི་བར་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱི་བཀྲག་མདངས་མངོན་པར་བཀྲ་བ་རེ་རེ་ནི་ལྟད་མོ་བ་ཚོས་གླེང་མང་བའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཏུ་གྱུར་བར་མ་ཟད། ལྷ་སའི་རིག་གནས་ཀྱི་ཤུགས་རྐྱེན་དང་ཁྱབ་སྤེལ་གྱི་ནུས་པ་ཆེ་རུ་ཕྱིན་ཡོད། གྲོང་མི་ཝང་ཡན་གྱིས་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལེ་ཚན་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད་ལ་ལྷ་ས་དང་ཐ་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱང་མངོན་ཡོད་ཅེས་བཤད།

2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལེགས་གྲུབ་ལྡན་པའི་སྒོ་གནས་འཚོགས་པ་དེས་དམངས་ལ་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ་བར་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་པ་དང་། ལྷ་སའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཡུལ་ཁོངས་རིག་གནས་དར་སྤེལ་བཏང་བའི་སྐར་ཁུང་གལ་ཆེན་ངོམ་སྟོན་བྱས་ནས་ལྷ་ས་དང་ཐ་ན་བོད་ཀྱི་ཡུལ་ཁོངས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ལས་སྟེགས་བཏོད་དེ་མི་དེ་བས་མང་བས་གནའ་བོའི་གྲོང་ཁྱེར་ལྷ་སའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ངོས་འཛིན་དང་ཤེས་རྟོགས་ཡོང་བར་བྱས་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199431.html 1 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་དོ་ཁུར་དང་སྔགས་བརྗོད་ བྱེད་ཚད་ཡག་པོ་བྱུང་བ། /enpproperty-->