分享按钮

ཞིམ་མངར་ལྡན་པའི་གསོལ་ཇ་མཆོད་ཞོར་དུ་བཅོས་སྐྱོང་ཏན་ཏིག་བྱས་པ།

(པར་ངོས་དང་པོར་མཐུད)གཡུ་ཐོག་ལམ་གྱི་ཁང་པ་མཛེས་བཟོའི་རྩོད་གཞིར་ཏང་ཡོན་འདུམ་སྒྲིག་རུ་ཁག་གིས་ཆུ་ཚོད་3ནང་འདུམ་འགྲིག་བྱས་པ། ཐ་ན་མི་ཧྲེང་རྒན་རྒོན་ཚེ་རིང་གི་བོད་ཀྱི་ལོ་གསར་གྱི་ཅ་ལག་ཀྱང་དྲ་མིག་ཏང་ཀྲི་པུའུ་ཡི་ཆ་སྒྲིག་རོགས་སྐྱོར་པས་ཉོ་རོགས་བྱས་པ། ཚོང་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཕུ་མེད་སྟོད་ཐུང་དམར་པོ་གྱོན་མཁན་དག་མཐོང་དུས་བློ་སེམས་བདེ་པོ་འདུག་ཅེས་བཤད་པའི་སྐད་ཆ་དེའི་ཐོག་ནས་མང་ཚོགས་ཀྱི་སེམས་གཏམ་མཚོན་གྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོའི་དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་དྲ་མིག་ནང་གི་འགལ་བ་དང་རྩོད་གཞི་སེལ་ཚད་བརྒྱ་ཆ་98.7ཟིན་པ་དང་། དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.2འཕར་ཡོད།

ཇ་ཁང་ནང་དུ་བདེ་སྐྱིད་ལྡན་པའི་དམངས་འཚོ་གླེང་བ།

ཇ་ཁང་ནང་གི་སྐད་ཆར་གཞི་རིམ་བཅོས་སྐྱོང་གི་བློ་གྲོས་ཆེན་པོ་ལྡན་ཡོད། བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཤེས་དཔལ་ལྡན་པའི་སྒོ་རའི་ནང་གི་ཞོགས་ཇའི་གྲོས་དོན་ཁང་དུ་སྐྱོད་སྐབས་རྟག་ཏུ་རྣམ་པ་འདི་འདྲ་ཞིག་མཐོང་རྒྱུ་ཡོད་པ་སྟེ། དྲ་མིག་པ་དང་གྲོང་མི་མཉམ་དུ་བསྡད་ནས་ཞིམ་མངར་ལྡན་པའི་གསོལ་ཇ་མཆོད་བཞིན་ཡོད་པ་དང་། ཞིམ་མངར་ལྡན་པའི་གསོལ་ཇ་མཆོད་ཞོར་དུ་སྡེ་ཁུལ་གྱི་དོན་དག་གྲོས་མོལ་བྱེད་བཞིན་ཡོད། བོད་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱི་ཚོགས་འབྲེལ་འདྲིས་བྱེད་སྟངས་དེ་རིགས་བཅོས་སྐྱོང་བྱེད་སྟངས་ལ་བསྒྱུར་ནས་ཁྱིམ་མཚེས་དབར་གྱི་རྩོད་གཞི་45ཐག་གཅོད་བྱས་པ་དང་། དམངས་འཚོའི་བསམ་འཆར་112བསྡུ་རུབ་བྱས་ཡོད།

གྲོང་ཁྱེར་ཡོངས་སུ་ཞི་བའི་བཅོས་སྐྱོང་བྱེད་སྟངས་དེ་རིགས་ཀྱི་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་བཞིན་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྐལ་བཟང་མེ་ཏོག་ཕྱི་དྲོའི་ཇ་ཞེས་པའི་བུད་མེད་གྲོས་དོན་ཚོགས་འདུ་འཚོགས་པ་དང་། སྟག་རྩེ་ཆུས་ཀྱིས་སྐོར་ལམ་ནས་དམངས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་པའི་ས་ཚུགས་བཙུགས་པ། མལ་གྲོ་གུང་དཀར་རྫོང་གིས་རྟ་ཐོག་དྲ་མིག་པའི་ཞབས་ཞུའི་རུ་ཁག་བཙུགས་པ་བཅས་བྱས་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། གསོལ་ཅོག་གྲོས་དོན་དང་། སྒོ་རའི་ནང་ལྷག་བསམ་གླེང་བ་སོགས་ས་གནས་ཅན་གྱི་གྲོས་མོལ་རྣམ་པ་20ལྷག་ཙམ་གསར་གཏོད་བྱས་པ་བརྒྱུད། 2024ལོར་མང་ཚོགས་གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་ཚད་བརྒྱ་ཆ་81བར་མང་དུ་ཕྱིན་ཡོད།

བློ་གྲོས་ལྡན་པའི་དྲ་མིག་གིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

ཏིང་ཞེས་མཚན་གུང་གི་ཆུ་ཚོད་དང་པོའི་ཐོག་སྐལ་བཟང་སྒྲོལ་དཀར་གྱི་ལག་ཐོགས་ཁ་པར་ནང་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཞིག་འབྱོར་བ་སྟེ། དེ་ནི་དྲ་མིག་ནང་གི་ཁེར་རྐྱང་དུ་སྡོད་པའི་རྒན་རྒོན་ཞིག་གི་སྙིང་འཕར་ཚད་རྒྱུན་ལྡན་མིན་པའི་བརྡ་ཞིག་ཡིན་པ་རེད། ཁོང་གིས་འཕྲལ་དུ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་འབྲེལ་གཏུག་བྱས་པ་དང་། སྐར་མ་15ཡི་རྗེས་སུ་སྨན་དོན་པ་རྒན་རྒོན་ཁོང་གི་ནང་དུ་ཕེབས་ཏེ་བརྟག་དཔྱད་བྱས་པ་རེད། ཟོག་འབྲེལ་དྲ་རྒྱ་དང་དྲ་མིག་པ་ཟུང་འབྲེལ་གྱི་སྲུང་སྐྱོང་བྱེད་ཐབས་དེ་རིགས་ནི་ལྷ་ས་གྲོང་ཁྱེར་གྱིས་ཁྱབ་སྤེལ་བཏང་བའི་བློ་རིག་ལྡན་པའི་དྲ་བ་ཞེས་པའི་ལས་གྲྭ་ལས་བྱུང་བ་ཞིག་རེད། དམིགས་བསལ་གྱི་ཚོགས་པར་རིག་ནུས་སྒྲིག་ཆས་སྤྲད་པ་དང་དྲ་མིག་པས་གྲོང་མིའི་བདེ་ཐང་གི་གྲངས་གཞི་ཁག་187དུས་ཐོག་ཏུ་ཁོང་དུ་ཆུད་ཐུབ་པར་བྱས་ཡོད། 2025ལོར་ཛ་དྲག་ཆེ་བའི་གནས་ཚུལ་32ཐག་གཅོད་ཐུབ་ཡོད།

བར་སྐོར་གྱི་ལངས་གཟུགས་ཅན་གྱི་བཀག་སྡོམ་ལྟེ་གནས་སུ། བརྙན་ཤེལ་ཆེན་པོའི་ཐོག་གྲོང་ཁྱེར་ཡོངས་ཀྱི་དྲ་མིག་པའི་དུས་ཐོག་གྲངས་གཞི་འཆར་བཞིན་ཡོད་པ་རེད། རིག་ནུས་ཤེས་ཚོར་སྒྲིག་ཆས་ཁྲི་3.6དང་། ཀུན་མཐོང་ལས་གཞིའི་ལྟ་སྐུལ་ཚོད་འཛིན་མ་ལག་ཁྲི་5.7 ཚན་པ་23གྱི་གྲངས་གཞི་མཉམ་སྤྱོད་བཅས་བྱས་ཏེ། དྲ་གཅིག་གཅིག་གྱུར་དོ་དམ་གྱི་གྲངས་འཛིན་བཅོས་སྐྱོང་མ་ལག་བཙུགས་པ་རེད། མགྲོན་ཁང་ག་གེ་མོ་ཞིག་གིས་མེ་ཟོན་འགྲོ་ལམ་ཐོག་གད་སྙིགས་སྤུངས་པ་མ་ལག་ཐོག་འཆར་སྐབས། ཁོངས་གཏོགས་ཁུལ་གྱི་དྲ་མིག་པའི་མཐའ་སྣེ་རུ་གནས་ཚུལ་དེ་ལམ་སེང་བསྐུར་ནས་ཆུ་ཚོད་2ནང་ལེགས་སྒྲིག་བྱ་དགོས་པའི་བཀའ་བཏང་བ་རེད། དྲ་མིག་པ་སྤེན་པས་སྐོར་ཞིབ་བྱེད་པའི་མཐའ་སྣེར་མཛུབ་མོ་བཙུགས་ནས་གད་མོ་དགོད་ཞོར་དུ་སྔོན་ཆད་རྐང་ཐང་མར་འགྲོ་དགོས་ཀྱང་ད་ལྟ་སྤྱན་སྟོང་ཅན་གྱི་མ་ལག་ཡོད་ཅེས་བཤད།

དྲ་རྒྱ་གཉིས་ཀྱི་མཉམ་འདྲེས་བྱེད་སྟངས་དེ་རིགས་ཀྱིས་བཅོས་སྐྱོང་གི་ཕན་ནུས་མངོན་བཞིན་ཡོད། 2024ལོ་ནས་ད་བར། ལྷ་ས་གྲོང་ཁྱེར་གྱི་དྲ་མིག་པས་ལྷ་སའི་དྲ་མིག་APPབརྒྱུད་ནས་དོན་རྐྱེན་ཁྲི་12.7གོང་ཞུ་བྱས་པ་དང་། ཐག་གཅོད་ཐུབ་ཚད་བརྒྱ་ཆ་99.3ཟིན་ཡོད། ཉེན་རྟོག་པ་དང་དྲ་མིག་པ་མཉམ་འདྲེས་ཀྱི་ལམ་སྲོལ་གྱིས་ཉེས་དོན་གྱོད་གཞི་དེ་དུས་མཚུངས་ལས་བརྒྱ་ཆ་18.6ཉུང་དུ་བཏང་ཡོད། དྲ་རྒྱ་དང་མང་ཚོགས་མཉམ་འགུལ་སྟེགས་བུས་དང་བླངས་པ་ཁྲི་2.3བཅོས་སྐྱོང་ནང་ཞུགས་རྒྱུའི་ཡིད་དབང་འཕྲོག་ཡོད་པས། དོན་ཆུང་དྲ་མིག་ལས་མི་ཐོན་པ་དང་། དོན་ཆེན་དྲ་མིག་ཡོངས་ཀྱིས་མཉམ་འགུལ་བྱེད་པ་མངོན་འགྱུར་བྱུང་ཡོད།

ལམ་ལུགས་གསར་གཏོད་བྱས་ཏེ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

ལྷ་ས་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་བཀོད་འདོམས་ལྟེ་གནས་སུ་གསར་དུ་བཟོ་བཅོས་བརྒྱབ་པའི《དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》དེ་ལག་ལེན་ཀྱི་ཕྱོགས་སྟོན་དུ་འགྱུར་བཞིན་ཡོད། ལྗོངས་ཡོངས་ཀྱི་ཨང་དང་པོར་གྱུར་པའི་དྲ་མིག་བཅོས་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདིས་དྲ་མིག་པ་དེ་སྡེ་ཁུལ་ལས་དོན་པའི་དཔུང་ཁག་དོ་དམ་ནང་བཅུག་པ་དང་། ལས་གནས་གསུམ་དང་རིམ་པ་བཅོ་བརྒྱད་ཀྱི་གླ་ཕོགས་མ་ལག་བཙུགས་ནས་གསོ་སྦྱོང་དང་། དཔྱད་ཞིབ། སྦྲེལ་ཐག་ཡོངས་ཀྱི་རིམ་སྤོར་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། དྲ་མིག་པ་རྩེ་གྲའི་མཚན་སྙན་ཐོབ་པའི་ཟླ་བ་སྒྲོལ་མས་ད་ལྟ་ལོ་རེའི་ཡོང་འབབ་སྒོར་ཁྲི་1.2འཕར་བ་དང་། ལས་ཀ་བྱེད་པའི་འདུན་པ་ཡང་སྔར་བས་འཕར་ཡོད་ཅེས་བཤད།

ལམ་ལུགས་གསར་གཏོད་བྱས་ཏེ་གཞི་རིམ་གྱི་གསོན་ཤུགས་འཕེལ་བར་མུ་མཐུད་ནས་སྐུལ་སྤེལ་བྱས་པ། ལྷུན་གྲུབ་རྫོང་གིས་དྲ་མིག་པ་དང་དུད་སྦྲེལ་གཉིས་མཐུན་སྦྱོར་བྱེད་པའི་ལམ་སྲོལ་ཁྱབ་གདལ་དུ་བཏང་བ་དང་། སྙེ་མོ་རྫོང་གིས་སྐར་མ་བསགས་པའི་ལམ་ལུགས་བཏོན་པ། འདམ་གཞུང་རྫོང་གིས་འབྲོག་ཁུལ་གྱི་སྐོར་སྐྱོད་དྲ་མིག་པའི་ས་ཚིགས་བཙུགས་པ་བཅས་བྱས་པ་རེད། ལྷ་ས་གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་3000བཀོད་སྒྲིག་བྱས་ནས་དྲ་མིག་པའི་སྒྲིག་ཆས་རིམ་སྤོར་དང་རྩལ་ནུས་གསོ་སྦྱོང་ཐད་སྤྱོད་ཀྱི་ཡོད་པ་རེད། ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་འཆི་མེད་གཡུ་སྒྲོན་གྱིས་བཤད་པ་ལྟར་ན། ང་ཚོས《སྲོལ་ཡིག》ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས་དྲ་མིག་པའི་ཞབས་ཞུའི་ནུས་པ་སྔར་བས་ཀྱང་འདོན་སྤེལ་ཡག་པོ་བྱེད་དགོས།

ས་སྲོས་མཚམས་ཀྱི་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ལ་འོད་མདངས་འཕྲོ་ཞིང་། བསྟན་རྒྱས་གླིང་སྡེ་ཁུལ་གྱི་དྲ་མིག་པ་སྔར་བཞིན་ཁྱིམ་ཚང་རེ་རེར་ཕྱིན་ནས་བཅར་འདྲི་བྱེད་བཞིན་ཡོད། ཁྲོམ་གཞུང་དང་སྲང་ལམ་ཁག་དུ་སྐྱོད་བཞིན་པའི་ཕུ་མེད་སྟོད་ཐུང་གྱོན་མཁན་ཚོ་ནི་སྐྱིད་པའི་ལྷ་སའི་འཕྲེད་གཞུང་ཐིག་རིས་དང་འདྲ་ཞིང་། ཏང་གི་དྲོ་སྐྱིད་དང་བཅོས་སྐྱོང་གི་བློ་གྲོས་མི་ཚང་རེ་རེ་དང་། སྒོ་ར་རེ་རེ། མི་རེ་རེར་སྐྱེལ་བཞིན་ཡོད་ཅིང་། གཞི་རིམ་གྱི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ས་བོན་དེ་མི་རིགས་མཐུན་སྒྲིལ་གྱི་ས་རྒྱུ་གཤིན་པའི་ཁྲོད་དུ་འཚར་ལོངས་འབྱུང་བཞིན་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199430.html 1 ཞིམ་མངར་ལྡན་པའི་གསོལ་ཇ་མཆོད་ཞོར་དུ་བཅོས་སྐྱོང་ཏན་ཏིག་བྱས་པ། /enpproperty-->