ཟླ་བཞི་པའི་དུས་སུ། ལྷ་སར་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་པ་དང་བསྟུན་ནས་རིམ་བཞིན་ཞིང་ལས་ཀྱི་ལས་ཀ་འགོ་ཚུགས་ཤིང་། དེ་ནི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་སྐབས་ཡག་པོ་ཞིག་ཡིན། ཉིན་ཤས་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོར་དམིགས་ཏེ་དཔྱ་ཁྲལ་དང་འབྲེལ་བའི་གྲོན་དངུལ་ཞབས་ཞུའི་དོ་དམ་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་། དཔྱ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོས་ཞིང་བྲེལ་ཆེ་བའི་དུས་ཚིགས་ལ་དམ་འཛིན་དང་དཀའ་ངལ་ཁྱད་བསད་ཀྱིས་ཡོང་འབབ་འཕར་རྒྱུར་རོགས་རམ་བྱས་པ་རེད།
ཉེན་ཁར་འགོག་ཟོན་ཡག་པོ་བྱས་པ།
ཞིང་འབྲོག་པའི་མཉམ་ལས་ཁང་ནི་རྫོང་ཁོངས་སུ་བརྒྱ་ཆ་མང་ཤོས་ཟིན་པའི་ཞིང་ལས་ཐོན་ལས་གཉེར་སྐྱོང་བྱེད་པོ་ཞིག་ཡིན། ལྷུན་གྲུབ་རྫོང་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་ཉི་མ་དབང་གྲགས་ཀྱིས་ངེད་རྫོང་གི་ཁྱབ་ཁོངས་སུ་ཞིང་ལས་དང་འབྲེལ་བ་ཡོད་པའི་ཐོན་ལས་མཉམ་ལས་ཁང་མང་ཆེ་བར་ནོར་སྲིད་དང་ཁྲལ་དོན་ཤེས་བྱར་རྒྱུས་ལོན་གཏིང་ཟབ་མེད་པ་དང་། ཆེད་བསྐོས་ནོར་དོན་པ་གདན་ཞུ་བྱས་མེད་པ་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད་པས་ཕྱོགས་གསུམ་པའི་ཁྲལ་དོན་དང་འབྲེལ་བའི་ལས་ཚབ་སྒྲིག་གཞི་གདན་ཞུ་བྱས་ནས་མཉམ་ལས་ཁང་གི་རྒྱུན་གཏན་གྱི་ཁྲལ་དོན་དང་འབྲེལ་བའི་དོན་དག་སྒྲུབ་ཀྱི་ཡོད། ཡིན་ནའང་། རྟག་ཏུ་ལས་ཚབ་ཕྱོགས་དང་འབྲེལ་གཏུག་བྱེད་པའི་གནད་དོན་གྱི་དབང་གིས་ཁྲལ་འཇལ་སྙན་ཞུའི་ནོར་འཁྲུལ་ལས་བྱུང་བའི་ཁྲལ་དོན་དང་འབྲེལ་བའི་ཁྲིམས་འགལ་གྱི་ཉེན་ཁ་འབྱུང་སྲིད། དེར་བརྟེན་ཅུས་དེས་མཉམ་ལས་ཁང་ཁག་གིས་གདན་ཞུ་བྱས་པའི་ཕྱོགས་གསུམ་པའི་སྒྲིག་གཞིའི་ནོར་དོན་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ནོར་འཁྲུལ་གྱི་སྙན་ཞུའི་གྱོད་དཔེ་ལ་དབྱེ་ཞིབ་དང་ཁྲལ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལ་གསལ་འགྲེལ་བྱས་ཏེ་གཉེར་སྐྱོང་བྱེད་པོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་བ་རེད།
ལྷུན་གྲུབ་རྫོང་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་གྱི་འགན་འཁུར་བ་ཆོས་འཕེལ་གཡུ་སྒྲོན་གྱིས་སྙན་ཞུ་མེད་པ་དང་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྙན་ཞུའི་ནོར་འཁྲུལ་བེད་སྤྱོད་གྱོད་དཔེར་དབྱེ་ཞིབ་དང་དེ་བཞིན་ཞིབ་རྩིས་དཔྱ་ཁྲལ་རྩིས་རྒྱག་གྱོད་དཔེ་དབྱེ་ཞིབ་ནི་ང་ཚོའི་གསོ་སྦྱོང་དང་གསལ་འགྲེལ་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་ཞེས་བཤད་པ་དང་། ཁོང་ཚོས་སྙན་ཞུ་ནས་འགོ་བཙུགས་ཏེ་ཁྲལ་དོན་དང་འབྲེལ་བའི་ཉེན་ཁར་གཏན་འགོག་བྱས་ཏེ་ཞིང་ལས་དང་འབྲེལ་བའི་མཉམ་ལས་ཁང་གི་ཚོགས་སྤྱིའི་སྒྲིག་སྲོལ་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
རང་འགུལ་ངང་ཞབས་ཞུ་ཡག་པོ་བསྒྲུབས་པ།
སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ནི་གཉེར་སྐྱོང་བྱེད་པོ་བརྟན་པོའི་ངང་མདུན་སྐྱོད་དང་མུ་མཐུད་ནས་འཕེལ་རྒྱས་འགྲོ་བའི་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཁྲལ་དོན་གྱི་ཉེན་ཁ་སེལ་ཐུབ་ཚེ། ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོའི་རྗེས་མའི་དཀའ་ངལ་སེལ་ཐུབ་ལ་གཉེར་སྐྱོང་བྱེད་སྒོའི་ཁྲོད་ད་གཟོད་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱེད་ཐུབ།
བོད་ལྗོངས་ཀོང་ཅིན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་ནི་ཆུ་ཤུར་རྫོང་གི་ཞིང་ལས་རྒྱུ་ཆའི་ཁེ་ལས་ཤིག་ཡིན་པ་དང་། སྔ་ཕྱི་བར་གསུམ་དུ་ཞིང་སའི་ཆུ་འདྲེན་སྒྲིག་བཀོད་དང་གྲོང་གསེབ་ཀྱི་གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རྫོང་ཁོངས་སུ་ནུས་ཕྱོད་ཆེ་བའི་སྒོ་ནས་ཞིང་ལས་ཐོན་སྐྱེད་ལེགས་སུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཆུ་ཤུར་རྫོང་ཁྲལ་དོན་ཚན་པས་ཁེ་ལས་དེའི་དཔྱིད་རྨོད་དཔྱིད་འདེབས་གྲ་སྒྲིག་མ་བྱས་གོང་ཆེས་ཆེར་འཕར་བའི་ཆུ་འདྲེན་སྒྲིག་བཀོད་ཕྱིར་ཚོང་བྱས་ཚད་ལ་དམིགས་ནས་ཁྲལ་བསྡུའི་གྲངས་གཞིར་དབྱེ་ཞིབ་དང་ཞིབ་དཔྱད་བྱས་པ་བརྒྱུད་རང་འགུལ་ངང་ཁེ་ལས་ལ་གནས་ཐང་འཕར་མའི་དཔྱ་ཁྲལ་གྱི་འཛིན་ཤོག་སྤྱོད་ཚད་དྲིས་པར་མ་ཟད། འཛིན་ཤོག་འཕར་ཚད་རེ་ཞུ་བྱེད་པའི་ལས་སྒོ་བསྒྲུབ་དགོས་པ་དང་དེ་བཞིན་འབྲེལ་ཡོད་དཔྱ་ཁྲལ་དང་འབྲེལ་བའི་ལས་སྒོའི་གོ་རིམ་གཞན་དག་ལ་དམིགས་ནས་ཁེ་ལས་ལ་གཅིག་གཏད་གཅིག་གི་སྒོ་ནས་མཛུབ་ཁྲིད་དང་རོགས་རམ་བྱས་ཏེ་ཁེ་ལས་ལ་ཁྲལ་བསྡུའི་སྲིད་ཇུས་དང་དཔྱ་ཁྲལ་དང་འབྲེལ་བའི་གོ་རིམ་ཁོང་དུ་ཆུད་པར་བྱས་པ་རེད།
ཀུང་སི་དེའི་ནོར་དོན་འགན་འཁུར་བ་ཀྲང་ཧྲའེ་ཡིས་ཁྲལ་དོན་ཚན་པའི་ལྷག་བསམ་རྣམ་དག་གི་ཞབས་ཞུ་དང་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ང་ཚོ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་སྐབས་གདེང་ཚོད་དང་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད། ང་ཚོས་མུ་མཐུད་ནས་སྤུས་ཚད་མཐོ་བའི་ལས་གྲྭར་བརྟེན་ནས་བོད་ཀྱི་ཞིང་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན། ཁྲལ་དོན་ཚན་པས་ཁྲལ་འབབ་ཀྱི་གཞི་གྲངས་ཆེན་པོ་སྤྱད་དེ་སྔོན་ལ་དབྱེ་ཞིབ་དང་དཔྱད་བསྡུར་བྱས་པ་དང་རང་འགུལ་ངང་དམིགས་སའི་རང་བཞིན་གྱི་དགོས་མཁོ་འདྲི་བའི་ཞབས་ཞུ་བྱེད་སྟངས་དེས་ཁེ་ལས་ལ་ཁྲལ་འབབ་དང་འབྲེལ་བའི་དོན་དག་ཆད་ལུས་མི་ཡོང་བར་ཁྲིད་སྟོན་བྱས་པས་གྱོང་གུན་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
ཐོན་ལས་ཕྱོགས་སྒྱུར་ལ་རོགས་རམ་བྱས་པ།
ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་གྲངས་འཛིན་ལག་རྩལ་སྤྱད་དེ་རིག་ནུས་ཅན་གྱི་འདེབས་འཛུགས་དྲོད་ཁང་བསྐྲུན་པ་དང་། ཚོར་འདྲེན་ཆས་དང་ཟོག་འབྲེལ་དྲ་རྒྱ་བརྒྱུད་ནས་གནད་ལ་འཁེལ་བའི་ཆུ་འདྲེན་དང་། ལུད་རྒྱག་པ། ནད་འབུར་ལྟ་ཞིབ་ཚད་ལེན་བཅས་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། དཔེ་སྟོན་ཁུལ་དེའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཚན་པས་ཆེད་ལས་ཞབས་ཞུའི་ཚོགས་པ་བཙུགས་ཏེ་གླིང་ཁུལ་དུ་བརྟག་དཔྱད་གཏིང་ཟབ་བྱས་ནས་རང་གཤིས་ཅན་གྱི་ཁྲལ་བསྡུའི་ཞབས་ཞུ་མཁོ་འདོན་བྱས་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་གྱི་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གསལ་བཤད་ཞིབ་ཕྲ་བྱས་ཏེ་ཁེ་ལས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེ་བཟང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱས་པ་རེད།
ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་སྐུལ་ལྕག་ལ་བརྟེན་ནས་དཔེ་སྟོན་ཁུལ་དེའི་ཁེ་ལས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཧ་ཅང་ཡག་པོ་ཡོད་ཅིང་། གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ནོར་དོན་པ་བསོད་ནམས་ཀྱིས་ཁྲལ་དོན་ཚན་པའི་ཁྲལ་ཕན་སྲིད་ཇུས་ཁག་དང་ཟུར་ཁྲིད་ཞིབ་ཕྲ་བྱས་པ་དེས་ང་ཚོས་མེ་ཏོག་དང་། སྔོ་ཚལ། ཤིང་འབྲས་འདེབས་འཛུགས་སོགས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་རྒྱུར་སྐུལ་མ་ཆེན་པོ་ཐེབས་པ་དང་། དཔྱ་ཁྲལ་ཆག་ཡང་བཏང་བའི་སྲིད་ཇུས་ཁག་གིས་མ་དངུལ་དེ་བས་མང་བ་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་གཏོང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་ཅུས་དེས་སྲོལ་རྒྱུན་ཞིང་འབྲོག་པའི་ཐོན་ལས་ཀྱི་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་བྱེད་པོའི་དཔྱ་ཁྲལ་དང་འབྲེལ་བའི་ལས་དོན་ལ་མུ་མཐུད་ནས་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་གཉེར་སྐྱོང་བྱེད་པོ་སྒྲིག་སྲོལ་དང་མཐུན་པ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་བཀོད་པའི་གནས་ཚུལ་གཞིར་བཟུང་།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社