ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་4ཚེས་9ཉིན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གཉེར་བའི་གཞི་རིམ་དཔེ་མཛོད་ཁང་གི་འགོ་འཛིན་པའི་གསོ་སྦྱོང་སྤེལ་རེས་ཚོགས་འདུའི་འགོ་ཚུགས་མཛད་སྒོ་རང་གྲོང་དུ་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག(གྲོང་ཁྱེར)གི་གཞི་རིམ་དཔེ་མཛོད་ཁང་གི་འགོ་འཛིན་དང་དེ་བཞིན་ལས་སྒོའི་རྐང་འཛིན་པ་50ཙམ་གསོ་སྦྱོང་ནང་ཞུགས་ཡོད།
འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དཔེ་མཛོད་ཁང་གི་ལས་དོན་པས་འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཁེངས་སྐྱུང་ངང་སློབ་སྦྱོང་བྱས་ནས་དཔེ་མཛོད་ཁང་གི་ཆེད་ལས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པར་བརྩོན་ལེན་བྱས་ནས་སྦྱངས་པའི་ནང་དོན་དག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤྱོད་རྒྱུའི་ཐུགས་རེ་ཆེན་པོ་བཏོན་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གསོ་སྦྱོང་ནང་ཞུགས་མཁན་ལ་སྒྲིག་ཁྲིམས་ཐད་ཀྱི་བླང་བྱ་བཏོན་པ་དང་། དེ་རྗེས་ཁྲང་ཨན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་། དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ་ཝན་ཅིན་ཕེང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་སྐལ་བཟང་གིས་ད་ལོའི་ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་སུམ་ཅུ་པ་དེ་ཡིན། ང་ཚོས་གོ་སྐབས་དེ་དང་བསྟུན་ནས་གཞི་རིམ་དཔེ་མཛོད་ཁང་གི་འགོ་འཛིན་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ས་གནས་ཁག(གྲོང་ཁྱེར)གི་དཔེ་མཛོད་ཁང་དབར་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་དཔེ་མཛོད་ཁང་རིག་ནུས་ཅན་དང་བློ་རིག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་གསུངས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དེ་ཟླ་4ཚེས་9ཉིན་ནས་ཚེས་11ཉིན་བར་ཡིན་པ་དང་། དེའི་དམིགས་ཡུལ་ནི་གསོ་སྦྱོང་བྱས་པ་བརྒྱུད་གཞི་རིམ་དཔེ་མཛོད་ཁང་གི་འགོ་འཛིན་གྱི་ཆེད་ལས་བྱང་ཚད་དང་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་།འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པར་དཔྱད་བསྡུར་བྱེད་པ། གཞི་རིམ་དཔེ་མཛོད་ཁང་གི་ཞབས་ཞུ་གསར་གཏོད་ལ་སྐུལ་འདེད་གཏོང་བ།ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། གཞི་རིམ་དཔེ་མཛོད་ཁང་དབར་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ཐད་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社