分享按钮

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ནག་འཁོར་ལ་རྡུང་རྡེག་ནན་པོ་བཏང་བ།

པར་འདི་ནི་ཁྲིམས་འཛིན་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་གྲལ་བཤེར་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་2ཉིན།གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག(གཤམ་དུ“ཁྲིམས་འཛིན་རུ་ཁག”ཅེས་མིང་བསྡུ་རྒྱུ)གིས་ནག་འཁོར་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་།ངལ་གསོའི་རིང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་ནུས་ལྡན་དང་འགྲུལ་སྐྱེལ་ཁྲོམ་རའི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས་མི་དམངས་མང་ཚོགས་ཀྱི་དུས་ཆེན་རིང་གི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་ཡོད།

ད་ཐེངས་ཀྱི་བཅོས་སྒྲིག་ལས་དོན་ཁྲོད་དུ་གཙོ་བོ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མ་ཐོབ་པར་རང་དགར་ཡུལ་སྐོར་བོགས་བླངས་རླངས་འཁོར་གྱི་ལས་སྒོ་གཉེར་བ་དང་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་ཡོད།

བཅོས་སྒྲིག་བྱེད་རིང་།ཁྲིམས་འཛིན་རུ་ཁག་གིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཉམ་དུ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་སོགས་གཙོ་གནད་ལམ་བུར་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་གྲལ་བཤེར་བྱས་ཡོད། ཁྲིམས་འཛིན་པས་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར་དང་ཁ་ལོ་བའི་ལས་སྒྲུབ་ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱས་ཏེ། འགྲུལ་པ་ཕྱིར་སྐྱོད་པའི་དམིགས་ཡུལ་དང་འགྲོ་གྲོན་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་སྐད་ཆ་དྲིས་ཡོད། དེ་དང་ཆབས་ཅིག་ཉིན་དེར་རྩད་ཆོད་པའི་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་དོགས་ཡོད་རླངས་འཁོར་2གནས་སྐབས་བཀག་ཉར་བྱས་པ་དང་འབྲེལ་མུ་མཐུད་བརྟག་དཔྱད་བྱས་ནས་ཐག་གཅོད་བྱ་རྒྱུ་རེད།

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་དང་པོའི་རུ་མི་ནོར་བུ་དབང་རྒྱལ་གྱིས།ཡུལ་སྐོར་མང་ཤོས་ཀྱི་དུས་ཚིགས་འཆར་ལ་ཉེ་བ་དང་ཆབས་ཅིག་ཡུལ་སྐོར་བ་མང་དུ་འགྲོ་བ་དང་བསྟུན་ནས་ང་ཚོས་སྔ་སྣུར་དུ་ཇུས་འགོད་བྱས་ཏེ།ཡུལ་སྐོར་གྱི་རླངས་འཁོར་གང་བྱུང་དུ་གླ་བ་དང་། རླངས་འཁོར་གྱིས་སྒྲིག་འགལ་ངང་སྐྱེལ་འདྲེན་བྱེད་པ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ་སོགས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཡོད། ཕྱིས་འབྱུང་ང་ཚོས་ད་དུང་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་བྱས་ནས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་མུ་མཐུད་ཚད་ལྡན་དུ་བཏང་སྟེ་སྐྱེལ་འདྲེན་དང་ཡུལ་སྐོར་ཁྲོམ་ར་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།

ད་ལོ་ཚུན་དུ། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་རིམ་རྩིས་བྱས་ན་ཁྲིམས་འཛིན་པ་མི་ཐེངས་20252མངགས་ནས་རླངས་འཁོར་5010ལྷག་ཙམ་ལ་ཞིབ་བཤེར་བྱས་ཤིང་། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་མཁན་རླངས་འཁོར་40དང་ཡུལ་སྐོར་བོགས་བླངས་རླངས་འཁོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་12ཞིབ་བཤེར་དང་ཐག་གཅོད་བྱས་ཡོད།བཅོས་སྒྲིག་བྱ་ཐབས་རབ་དང་རིམ་པ་བརྒྱུད།ནག་འཁོར་དང་ཁྲིམས་འགལ་གཉེར་སྐྱོང་གི་སྣང་ཚུལ་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ནས་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 6 6 拉萨日报藏文 c199354.html 1 གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ནག་འཁོར་ལ་རྡུང་རྡེག་ནན་པོ་བཏང་བ། /enpproperty-->