分享按钮

དོག་སྡེ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“གདོང་ལེན་ལས་དོན་ལ་བརྟེན་ནས་རི་སྔོན་སྲུང་སྐྱོང་བྱེད”ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཉིན་ཤས་གོང་དོག་སྡེ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་གྲོང་ཚོ་དང་གྲོང་ལྷན་ཁག་སྒྲིག་འཛུགས་བྱས་ཏེ།“གདོང་ལེན་ལས་དོན་ལ་བརྟེན་ནས་རི་སྔོན་སྲུང་སྐྱོང་བྱེད”ཅེས་པའི་རི་འཛེག་བྱེད་སྒོ་ལས“ལྷ་སའི་མིག”ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་ལེན་ཡག་པོ་བྱས་པར་མ་ཟད། ད་དུང་ལས་བྱེད་པ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་གོང་བུར་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད།

རི་འཛེག་གི་ལམ་བར་དུ་དོག་སྡེ་ཁྲོམ་གཞུང་གི་གྲོང་ཚོ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་ཚབ་བྱས་ཏེ་ཕྱགས་མ་དང་། གད་སྙིགས་བླུགས་སྣོད། འཇབ་ཙེ་སོགས་གཙང་སྦྲའི་ལག་ཆ་ཁྱེར་ནས་འགྲོ་ལམ་གཡས་གཡོན་གྱི་ཤོག་སྙིགས་དང་། བཏུང་བྱའི་འགྱིག་དམ། བཟའ་བཅའི་ཁུག་མ་སོགས་གད་སྙིགས་གཙང་སེལ་བྱས་པར་མ་ཟད། གཙང་སེལ་བྱས་པའི་གད་སྙིགས་རྣམས་གཅིག་སྡུད་ཐོག་དབོར་བ་རེད། ཚང་མས་ལས་བགོས་ཁ་གསལ་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་བཙོག་པར་མི་འཛེམ་པ་དང་དཀའ་ལས་ལ་མི་སྐྲག་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད།

དོག་སྡེ་ཁྲོམ་གཞུང་བཀྲ་ཤིས་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་གཡུ་སྒྲོན་གྱིས། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། རྗེས་མར་ང་ཚོས་མི་དེ་བས་མང་བ་དེའི་ནང་ཞུགས་རྒྱུར་མུ་མཐུད་དུ་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས་དོག་སྡེ་འདི་ཉིད་མཛེས་སྡུག་ལྡན་པའི་ལྷ་སའི་ཡུལ་ལྗོངས་ཤིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོས་ཚང་མས་རང་བྱུང་ཁམས་ལ་གཅེས་སྤྲས་བྱེད་པ་དང་ཆབས་ཅིག་གཟུགས་པོར་སྦྱོང་བརྡར་ཐུབ་པར་མ་ཟད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཡང་ནུས་ཤུགས་བཏོན་ཡོད། འབྱུང་འགྱུར་ཁྲོམ་གཞུང་དེས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྣ་ཚོགས་མུ་མཐུད་ནས་སྒྲིག་འཛུགས་བྱས་ཏེ་གྲོང་མི་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཐོག་གཙང་སྦྲ་དོད་པ་དང་། ལྟ་ན་སྡུག་པ། སྡོད་མལ་ལ་འཚམ་པ་བཅས་ཀྱི་འཚོ་བའི་ཁོར་ཡུག་མཉམ་དུ་གཏོད་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 6 6 拉萨日报藏文 c199353.html 1 དོག་སྡེ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“གདོང་ལེན་ལས་དོན་ལ་བརྟེན་ནས་རི་སྔོན་སྲུང་སྐྱོང་བྱེད”ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->