ལྷ་སའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སླེབས་པ་དང་བསྟུན། མི་མི་ཉུང་བ་ཞིག་གིས་ལུས་སེམས་ལྷོད་ལ་འབབ་ཐུབ་པའི་ལྷིང་འཇགས་ཀྱི་ཁྲོད་ནས་མེས་པོ་ཚོར་དྲན་གསོ་ཞུ་བའི་ཡུལ་སྐོར་གྱི་གནས་མཆོག་ཅིག་འཚོལ་བཞིན་ཡོད། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་ལྟ་ན་སྡུག་པའི་རང་བྱུང་གི་མཛེས་ལྗོངས་ལྡན་པར་མ་ཟད། ལོ་རྒྱུས་རིང་ལ་ནང་དོན་ཟབ་པའི་རིག་གནས་ཀྱང་ཡོད་པས། གྲོང་མི་དང་ཡུལ་སྐོར་བ་ཚོའི་ཡུལ་སྐོར་བྱ་ཡུལ་གྱི་གདམ་ག་ཞིག་ཏུ་གྱུར་ཡོད།
ཐོན་མདའ་གྲོང་ཚོ་ནི་སྙེ་མོ་རྫོང་གི་ཤར་ལྷོའི་རྒྱུད་ཀྱི་ཐོན་པ་ལུང་གཞུང་དུ་ཆགས་པ་དང་། ལྷ་ས་གྲོང་ཁྱེར་ནས་ཐོན་ན་བར་ཐག་སྤྱི་ལེ་110ཙམ་འགྲོ་དགོས་ཀྱི་ཡོད། ཐོན་མདའ་གྲོང་ཚོར་སྐྱོད་སྐབས། གང་ས་ནས་ལྷུང་ལྷུང་དུ་བབས་པའི་གངས་ཆུ་རྣམས་གཅིག་ཏུ་འདུས་ནས་ཐོན་པ་གཙང་པོ་ཆགས་ཤིང་། ཡུལ་མི་ཚོས་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་གཙང་པོ་ཡུར་བུར་དྲངས་ཏེ། ཆུ་འཐག་དང་། གཟིམ་སྤོས་བཟོ་བྱེད་ཀྱི་ཆུ་འཁོར་སོགས་བཙུགས་ནས་གྲོང་ཚོ་ཧྲིལ་པོར་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས་ཤིག་གྲུབ་ཡོད་པས། གྲོང་མི་དང་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད།
ནང་སོག་ནས་ཡོང་བའི་ཡུལ་སྐོར་བ་ཝང་པའོ་ཡིས། ང་ན་ནིང་འདི་གར་ཡོང་མྱོང་ཡོད། ཐོན་མདའ་གྲོང་ཚོ་ནི་གཟིམ་སྤོས་ཀྱི་འབྱུང་ཁུངས་ཡིན་པ་དང་། འདི་ནས་ཐོན་པའི་གཟིམ་སྤོས་ནི་སྐད་གྲགས་ཧ་ཅང་ཆེན་པོ་ཡོད། འདི་གའི་ཡུལ་མི་ཚོ་སེམས་རྩ་འཁོལ་བ་དང་། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་ལྡན་པ། མཁའ་རླུང་གཙང་བ་སོགས་ཀྱི་ཁྱད་ཡོན་མང་པོ་འཛོམས་པས། ཚང་མ་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོར་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
ཐོན་པ་གྲོང་རྡལ་ནི་བོད་ཡིག་གི་སྲོལ་གཏོད་པ་པོ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པས་འགྲན་ཟླ་བྲལ་བའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་ཞིང་། ཡུལ་སྐོར་བས་ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་པ་མཇལ་ཆོག སྤྱི་ལོའི་དུས་རབས་བདུན་པར་བསྐྲུན་པའི་གནའ་བོའི་ཁང་པ་དེར་ལོ་ཟླའི་ཉམས་ཆག་བྱུང་ཡང་། ལོ་རྒྱུས་ཀྱི་རིག་དངོས་དང་ཚད་ལྡན་ཡིག་ཆ་རྩ་ཆེན་མང་པོ་སྔར་བཞིན་ཉར་ཚགས་ཐུབ་ཡོད།
སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབང་གྲགས་ཀྱིས། ང་ཚོའི་གྲོང་ཚོ་ནི་འཛམ་གླིང་ཕྱོགས་བཅུར་མིང་དུ་གྲགས་པའི་བོད་ཡིག་གི་སྲོལ་གཏོད་པ་པོ་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡང་ཡིན་པས་ལོ་རྒྱུས་རིང་མོ་ལྡན་ཡོད། ཡུལ་སྐོར་གྲོང་ཚོ་བསྐྲུན་རྗེས། གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད། འདི་གར་གནའ་བོའི་བོད་རིགས་ཀྱི་གྲོང་ཚོའི་རྣམ་པ་ཉམས་སུ་མྱོང་ཐུབ་པར་མ་ཟད། རྩེར་སོན་གཟིམ་སྤོས་བཟོ་རྩལ་ཡང་ཉམས་སུ་མྱོང་ཐུབ། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་འདི་གར་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
གཟིམ་སྤོས་བཟོ་རྩལ་ནི་ཐོན་མདའ་གྲོང་ཚོའི་མཆོག་ཏུ་གྱུར་པའི་རིག་གནས་གཞན་ཞིག་ཡིན་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཡིན། དེ་གའི་གཟིམ་སྤོས་ནི། ཡུལ་དེའི་ཤུག་པ་རྒྱུ་ཆར་བྱས་ཏེ། ཐོན་པ་གཙང་པོའི་ཆུ་ལ་བརྟེན་ནས་འཐག་རྗེས་གྲིབ་སྐམ་གཏོང་བ་དང་། གྲིབ་སྐམ་བཏང་རྗེས་ཀྱི་ཤུག་པ་དེ་རྒྱུ་ཆ་གཙོ་བོར་བྱས་ནས་དེར་ཁ་ཆེ་ཤ་སྐམ་དང་། གངས་ལྷ་མེ་ཏོག སྲོ་ལོ་དམར་པོ་སོགས་བོད་སྨན་སྣ་ཁ་བཅུ་ཕྲག་ཁ་ཤས་བསྣན་ཏེ་བཟོས་པ་ཞིག་ཡིན། ཁྱིམ་ཚང་ཚང་མར་ཐུན་མོང་མ་ཡིན་པའི་ཁྱིམ་རྒྱུད་ཀྱི་སྦྱོར་རྟ་རེ་ཡོད་ཀྱང་། བཟོ་བའི་བརྒྱུད་རིམ་ནང་། ཚང་མས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། རྒྱུ་ཆ་འདེམས་པ་དང་། སྦོང་བ། པགས་པ་བཤུ་བ། འཐག་པ། འཕུར་བ། བཟོ་འདོན་པ། སྐམ་པ་སོགས་ཀྱི་བརྒྱུད་རིམ་ཚང་མ་སྲོལ་རྒྱུན་ལྟར་སྒྲུབ་བཞིན་ཡོད།
གཟིམ་སྤོས་བཟོ་མཁན་མིག་དམར་བཀྲ་ཤིས་ཀྱིས། ངའི་ཨ་ཕ་ད་ལོ་ལོ་78ཡིན། ང་ལོ་14ལ་སླེབས་པའི་སྐབས་སུ་ཁོང་གིས་ང་ལ་གཟིམ་སྤོས་བཟོ་སྟངས་བསླབས་བྱུང་། རྩིས་བརྒྱབ་ན་ལོ་30ཙམ་འགྲོ་གི་འདུག ལོ་རེའི་དཔྱིད་ཀ་དང་དབྱར་ཁར་ངས་མཛེས་ལྗོངས་ཁུལ་དུ་གཟིམ་སྤོས་བཟོས་ནས་འཚོང་གི་ཡོད། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་ཡོང་མཁན་མང་བས་ཚོང་ཧ་ཅང་བྲིན་པོ་འདུག གལ་སྲིད་ཡུལ་སྐོར་བས་གཟིམ་སྤོས་བཟོ་སྟངས་ཉམས་སུ་མྱོང་འདོད་ན་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་11པའི་བར་ཐོན་པ་གྲོང་རྡལ་གྱི་གཟིམ་སྤོས་བཟོ་མཁན་དུད་ཚང་282དང་མི་684ཟིན་པ་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་3305.25ཟིན་པ། ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་2360.89ཟིན་པ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་8.4བྱུང་ཡོད། དེའི་ནང་ནས་མཉམ་ལས་ཁང་བཞི་ལ་མི་77ཡོད་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི་760.21ཟིན་པ། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་543ཟིན་པ། མཉམ་ལས་ཁང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་7བྱུང་ཡོད། ཡུལ་སྐོར་བ་གྲོང་ཚོ་དེ་གར་ཡུལ་སྐོར་དུ་སོང་ན། གཟིམ་སྤོས་ཀྱི་དྲི་ཞིམ་དངོས་སུ་མྱོང་ཐུབ་པ་དང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་ཐུབ་པར་མ་ཟད། ད་དུང་གནའ་བོའི་གྲོང་ཚོ་ནས་ཁྱེར་བའི་སྤུས་གཙང་གི་གཟིམ་སྤོས་དྲན་རྟེན་དུ་བཀོལ་ཆོག
དྭངས་གསལ་དུས་ཚིགས་སུའང་ཐོན་མདའ་གྲོང་ཚོར་རང་བྱུང་མཛེས་ལྗོངས་ལ་ལྟ་ཞོར་སྔོན་བྱོན་པར་རྗེས་དྲན་བྱེད་ཐུབ་ཅིང་། རིག་གནས་ཀྱི་རྣམ་པ་ཟབ་མོའི་ཁྲོད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་རིགས་ཀྱི་རིག་གནས་ཉམས་སུ་མྱོང་ཐུབ། ནང་མི་ལྷན་འཛོམས་ཀྱི་ཡུལ་སྐོར་རམ། དགའ་རོགས་མཉམ་སྐྱོད་ཀྱི་ཡུལ་སྐོར། ཡང་ན་རང་ཉིད་གཅིག་པུའི་ཡུལ་སྐོར་སོགས་གང་ཡིན་རུང་། ཐོན་མདའ་གྲོང་ཚོས་ཁྱེད་ཀྱི་བློ་ཕམ་དུ་འཇུག་མི་སྲིད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社