分享按钮

ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་དེང་རབས་ཞིང་ལས་གླིང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་སྐུ་ཉིད་སྤྲོ་གསེང་དུ་ཕེབས་རྒྱུར་དགའ་བསུ་ཞུ།

(པར་ངོས་དང་པོར་མཐུད)དཔྱིད་ཀའི་དྲོ་འཇམ་ཉི་འོད་གླིང་ཁུལ་གྱི་གྲུ་ཟུར་ཚང་མར་འཕྲོ་ཞིང་། སྲོག་ཆགས་རྣམས་ཀྱང་དྲོ་སྐྱིད་ལྡན་པའི་དཔྱིད་ཀའི་མཛེས་ལྗོངས་ཀྱིས་གཉིད་སད་པ་ལྟར་གསོན་ཤུགས་རབ་ཏུ་འཕེལ་བཞིན་ཡོད།

འདི་གར་ཡུལ་སྐོར་བ་ཚོས་གླང་ཆེན་དང་། སེང་གེ།སྟག་སོགས་རྒྱུན་མཐོང་གི་སྲོག་ཆགས་མཐོང་ཐུབ་པར་མ་ཟད།ད་དུང་གསའ་དང་། རྐྱང་།དོམ་སོགས་རྩ་ཆེའི་སྲོག་ཆགས་ཀྱང་མཐོང་ཐུབ།གླིང་ཁུལ་དུ་དགའ་བསུ་ཆེ་ཤོས་ཐོབ་པ་ནི་གཡི་ཚ་ཆུང་ཆུང་གི་ཁྱུ་ཚོགས་ཤིག་ཡོདཔ་དེ་ཡིན། དེ་དག་གི་མིང་ལ་ཚེ་རིང་ལྷ་མོ་དང་།ཚེ་རིང་གཡང་འཛོམས།ཚེ་རིང་དོན་གྲུབ།ཚེ་རིང་བསྟན་འཛིན་ཟེར་ཞིང་།ཚང་མ་ལོ་གཉིས་ལ་སོན་པ་དང་།དེའི་ནང་ཚེ་རིང་དོན་གྲུབ་དང་ཚེ་རིང་བསྟན་འཛིན་གཉིས་ནི་གྲུང་ཤ་དོད་ཅིང་བདེ་ལྕག་འཁྱུག་པའི་གཡི་ཚ་ཆུང་ཆུང་ཞིག་ཡིན་པ་དང་།ཚེ་རིང་ལྷ་མོ་དང་ཚེ་རིང་གཡང་འཛོམས་གཉིས་ནི་ལྟོས་བཅས་ཀྱིས་ལྷིང་འཇགས་སུ་གནས་པའི་གཡི་ཚ་ཆུང་ཆུང་ཞིག་ཡིན།

ཆུ་ཤུར་སྲོག་ཆགས་གླིང་གི་ཕྱུགས་རིགས་སྨན་པ་བཀྲ་ཤིས་བདེ་སྐྱིད་ཀྱིས་2023ལོའི་ཟླ་7ཚེས་15ཉིན་ང་ཚོས་ནག་ཆུ་ནས་འཁྱེར་ཡོང་བའི་གཡི་ཚའི་ཕྲུ་གུ་གཉིས་རོགས་སྐྱོབ་བྱས་པ་དང་།ལོ་དེའི་ཟླ་8པའི་ཚེས་15ཉིན་སླར་ཡང་ལྷོ་ཁ་ནས་འཁྱེར་ཡོང་བའི་གཡི་ཚའི་ཕྲུ་གུ་གཉིས་ལ་རོགས་སྐྱོབ་བྱས་ཡོད།ཐོག་མར་གཡི་ཚའི་ཕྲུ་གུ་དེ་དག་གི་གཟུགས་གཞི་ཧ་ཅང་སྐྱོ་པོ་ཡོད།གཟབ་ནན་གྱིས་བདག་སྐྱོང་བྱས་པ་བརྒྱུད།དེ་དག་རིམ་བཞིན་ལུས་སྟོབས་རྒྱས་པ་དང་གསོན་ཤུགས་ཀྱིས་ཁེངས་ཡོད།ང་ཚོས་དུས་ཚོད་འོས་འཚམ་སོང་རྗེས་དེ་དག་རང་བྱུང་ཁོར་ཡུག་ནང་གཏོང་རྩིས་ཡོད་མོད།འོན་ཀྱང་དེའི་གོང་ཁོང་ཚོའི་ཕྱི་རོལ་གྱི་འཚོ་གནས་ནུས་པར་ཁྱོན་ཡོངས་ནས་ཚོད་སྐོར་བྱས་ཏེ་དེ་དག་རང་བྱུང་ཁོར་ཡུག་དང་འཚམ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

གཡི་ཚ་ལ་དམིགས་བསལ་གྱི་ཕྱིའི་རྣམ་པ་དང་རྣམ་འགྱུར་ལྡན་པའི་དབང་གིས་ས་མཐོའི་དབེན་པ་ཞེས་བརྗོད་ཀྱི་ཡོད།དེ་ཚོའི་སྒོར་དབྱིབས་ཀྱི་ལུས་སྟེང་དུ་སྤུ་མཐུག་པོ་སྐྱེས་ཡོད་པས་སྤུ་ཅན་གྱི་རྡོག་པོ་ཆུང་ཆུང་ཞིག་དང་འདྲ།གསལ་ལ་དོགས་ཟོན་གྱི་མིག་གིས་རྟག་ཏུ་ཡ་མཚན་ཆེ་བའི་སྒོ་ནས་ཕྱོགས་བཞིར་ལྟ་བཞིན་ཡོད།སྐབས་འགར་བྲག་རྡོའི་སྟེང་དུ་ཉལ་ནས་ཉི་མ་སྲོ་བ་དང་།སྐབས་འགར་ཤིང་ཁང་ཆུང་ཆུང་ཞིག་གི་ནང་དུ་གབ་ནས་སྡོད་ཀྱི་ཡོད།བག་ཕེབས་ཀྱི་ཁྲོད་དུ་ལྐོག་འགྱུར་གྱི་ཚོར་བ་ལྡན་པས།ཁོ་ཚོའི་བྱ་སྤྱོད་ཚང་མར་ཡུལ་སྐོར་བ་ཡིད་དབང་འཕྲོག་སྟེ་གླིང་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

ཐག་མི་རིང་བའི་སར་རྔ་མོང་རྣམས་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད།སྐབས་རེ་མགོ་བོ་ཡར་བཀྱགས་ནས་ཡུལ་སྐོར་བ་རྣམས་ལ་ལྟ་ཡི་ཡོད་པས། དེའི་རྣམ་པ་ནི་ཧ་ཅང་སྙིང་རྗེ་བ་ཞིག་རེད།གཅན་གཟན་གཏུམ་པོའི་ཁུལ་དུ།གསའ་དང་གཟིག་སོགས་ཟིལ་མདངས་ལྡན་ཞིང་དཔའ་སྟོབས་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་པ་དང་།སྐབས་རེ་ངར་སྐད་བསྒྲོགས་ནས་གཏུམ་ཞིང་རྔམ་བརྗིད་ལྡན་པའི་ཉམས་འགྱུར་མངོན་བཞིན་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཆུ་ཤུར་སྲོག་ཆགས་གླིང་འདི་ཉིད་ཉིན་རེའི་ཞོགས་པའི་ཆུ་ཚོད་9དང་སྐར་30ནས་ཕྱི་དྲོའི་ཆུ་ཚོད་18དང་སྐར་30བར་སྒོ་ཕྱེ་ཡི་ཡོད་པ་དང་།དྲ་ཐོག་དང་ཡུལ་དངོས་ནས་སྤ་སེ་ཉོ་ཆོག་གི་ཡོད།

ཡུལ་སྐོར་བ་བསྟན་འཛིན་གྱིས་ང་ཆེད་མངགས་ལྷོ་ཁ་ནས་རྒན་རྒོན་དང་ཕྲུ་གུ་འཁྲིད་ནས་སྤྲོ་གསེང་ལྟ་སྐོར་དུ་ཡོང་བ་ཡིན།འདི་གར་སྲོག་ཆགས་མང་པོ་ཡོད་པས་མི་རྣམས་ལ་མིག་གི་སྟོན་མོ་བཤམས་པ་དང་གཉིས་སུ་མ་མཆིས་ཞིང་།ཚང་མའི་ཡིད་ལ་སྤྲོ་སྣང་ཆེན་པོ་སྦྱིན།གསོ་ཚགས་པ་ཚོས་ནན་ཏན་ངང་འགན་འཁྲི་ཁུར་ཏེ་སྲོག་ཆགས་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག་ཅེས་བཤད།

སྲོག་ཆགས་གླིང་ལ་ལྟ་སྐོར་བྱས་རྗེས།ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་ཞིང་རའི་སྤྲོ་སྣང་ལ་ཉམས་ལེན་བྱེད་པར་བསྐྱོད་ནའང་འགྲིག མིག་སྔར་འདིར་འབྲི་ཏ་ས་འཛིན་སྨིན་པའི་སྒང་ཡིན།འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནང་འབྲི་ཏ་ས་འཛིན་སྡོང་པོའི་ཐོག་མགོ་བོ་དུད་ནས་དམར་མདངས་རབ་ཏུ་རྒྱས་ནས་མི་རྣམས་ལ་ཡིད་དབང་འཕྲོག་པའི་དྲི་ཞིམ་འཐུལ་བཞིན་ཡོད།འདི་གའི་འབྲི་ཏ་ས་འཛིན་གྱི་སྣེ་ཁ་མང་པོ་ཡོད་ཅིང་བྲོ་བ་ཡང་མངར་མོ་ཡོད།རིན་གོང་རྒྱ་མ་གཅིག་ལ་སྒོར་48ཡིན་པས།ལྡུམ་རའི་ནང་དུ་སོང་ནས་གང་འདོད་ལྟར་བདམས་ཏེ་འཐུ་བའི་སྤྲོ་སྣང་ལོངས་སྤྱོད་བྱེད་ཐུབ།

འབྲི་ཏ་ས་འཛིན་ཕུད་གླིང་ཁུལ་ནང་ད་དུང་མེ་ཏོག་ཚོང་སའི་ཁུལ་ཡང་ཡོད།མེ་ཏོག་སྣེ་ཁ་འཛོམས་པས་མི་རྣམས་ལ་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་གསོས་སུ་གྱུར།གླེང་རིན་ཡོད་པ་ཞིག་ནི།འདི་ལོ་གསར་དུ་བསྣན་པའི་ས་མེད་འདེབས་གསོ་ཉམས་ལེན་ཁང་གིས་གླིང་ཁུལ་དུ་ཚན་རྩལ་དང་སློབ་གསོའི་ཁྱད་ཆོས་བསྣན་ཡོད་པ་དང་།གཙོ་བོ་ཞིབ་འཇུག་སློབ་སྦྱོང་བྱེད་མཁན་གྱི་མི་ཚོགས་ལ་ཁ་ཕྱོགས་ཡོད།

ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་ཕྱོགས་བསྡུས་གཞུང་ལས་ཁང་གི་ལས་དོན་པ་ཚེ་རིང་ཆོས་སྒྲོན་གྱིས་མིག་སྔར།ང་ཚོའི་གླིང་ཁུལ་དུ་འབྲི་ཏ་ས་འཛིན་འཐུ་བའི་རྣམ་གྲངས་ཕུད་ད་དུང་གླིང་ཁ་གཏོང་སའང་ཕྱི་ཕྱོགས་ལ་སྒོ་ཕྱེ་ཡོད།དེ་དང་ཆབས་ཅིག་འབྲི་གཡག་གི་གསོལ་སྟོན་དང་བོད་སྨན་ལུས་ཁྲུའི་ཉམས་ལེན་སོགས་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཚང་མ་སྒོ་ཕྱེ་ནས་ཡུལ་སྐོར་བ་ཚོར་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།རྗེས་མཐུད་ང་ཚོས་ད་དུང་ཞི་ཀྭ་དང་།ཧ་སྨི་ཀྭ།མངར་ཀྭ་སོགས་ཤིང་འབྲས་འཐུ་བའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཡུལ་སྐོར་བར་ཤིང་འབྲས་འཐུ་བའི་སྤྲོ་སྣང་མྱོང་བ་དང་གླིང་ཁུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལོངས་སྤྱོད་བྱེད་པར་ཕེབས་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རྒྱང་རིང་ལ་ཐག་རིང་པོར་འགྲོ་མི་དགོས་པར།ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་བསྐྱོད་ཚེ།བརྗེད་པར་དཀའ་བའི་ཡུལ་སྐོར་སྤྲོ་གསེང་གྱི་མྱོང་བ་ཟམ་མོ་ཞིག་ཐོབ་ཐུབ་ལ་སྲོག་ཆགས་ལ་ལྟ་བ་དང་།ཤིང་འབྲས་འཐུ་བའི་སྤྲོ་སྣང་ཉམས་ལེན་བྱེད་པ། བོད་ལུགས་ཀྱི་བདེ་སྲུང་རིག་གནས་ལ་མྱོང་ཚོར་བཅས་བྱས་ཏེ་འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་འདི་ཕུན་སུམ་ཚོགས་ཤིང་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ངེས་ཡིན།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198960.html 1 ཆུ་ཤུར་སྲོག་ཆགས་གླིང་དང་ཚལ་སྣེ་དེང་རབས་ཞིང་ལས་གླིང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་སྐུ་ཉིད་སྤྲོ་གསེང་དུ་ཕེབས་རྒྱུར་དགའ་བསུ་ཞུ། /enpproperty-->