ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་4ཚེས་3ཉིན། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དང་མཉམ་འབྲེལ་ཐོག་ལས་གནས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་ནས་ལང་ཚོའི་ཕུགས་འདུན་གཏོད་ཅེས་པའི་ཕྱོགས་བསྡུས་གདན་ཞུའི་བྱེད་སྒོ་སྤེལ་བ་དང་ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་གནད་ལ་འཁེལ་བའི་སྦྲེལ་ཟམ་བསྐྲུན་ནས་སློབ་ཆེན་ཐོན་པའི་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི་སོགས་ཚོགས་སྤྱིར་སྤུས་ཚད་མཐོ་བའི་ལས་ཞུགས་བྱེད་རོགས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་དེ་སྔའི་བརྟག་དཔྱད་ཞིབ་འཇུག་ལས་མངོན་པར་གཞིགས་ན།ལྷ་ས་གྲོང་ཁྱེར་གྱི་སིལ་ཚོང་དང་བཟའ་བཏུང་སོགས་ལས་རིགས་སུ་ཕྱིར་ཚོང་དང་། སྐུ་མགྲོན་ལ་ཞབས་ཞུ་དོ་དམ་རིགས་ཀྱི་ལས་གནས་ཀྱི་ལས་མི་མི་འདང་བའི་ཆ་ཡོད་པ་རེད། དེར་བརྟེན་ཅུས་དེས་ཁེ་ལས་40ལྷག་ཙམ་གྱི་ཐོན་ཁུངས་མགྱོགས་མྱུར་བསྡུ་སྒྲིལ་བྱས་ནས་ལག་རྩལ་བཟོ་པ་དང་། སྲིད་འཛིན་དོ་དམ། སྐུ་མགྲོན་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་ལས་གནས་མཁོ་འདོན་བྱས་པ་རེད།
གདན་ཞུའི་བྱེད་སྒོའི་ཡུལ་དངོས་སུ་ཞབས་ཞུའི་ཁུལ་གསུམ་བཙུགས་ཡོད་པ་སྟེ། སྲིད་ཇུས་བློ་འདྲི་སྟེགས་བུར་ཆེད་མངགས་མི་སྣས་སྤྱི་ཚོགས་འགན་སྲུང་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ལ་འགྲེལ་བཤད་རྒྱག་པ་དང་། ལས་རིགས་མཛུབ་ཁྲིད་ཁུལ་དུ་བསླབ་པ་རྒན་གྲས་ཀྱི་འཆར་འགོད་པ་བཀོད་སྒྲིག་བྱས་ནས་ལོ་རྒྱུས་མདོར་བསྡུས་བརྟག་དཔྱད་དང་དཔེ་མཚོན་ངོ་རྒྱུགས་ཞབས་ཞུ་བྱེད་པ། ཁེ་ལས་ཀྱི་གྲོས་མོལ་ཁུལ་དུ་ལས་ཀ་འཚོལ་མཁན་དང་མི་སྤྱོད་སྡེ་ཚན་དབར་ངོ་འཕྲད་འབྲེལ་གཏུགས་མངོན་འགྱུར་ཡོང་བར་བྱས་ཡོད། བྱེད་སྒོ་དེས་དུས་མཉམ་དུ་དྲ་ཐོག་གདན་ཞུའི་ལས་སྟེགས་བཏོད་པ་དང་།ལས་ཀ་འཚོལ་མཁན་གྱིས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་གློག་རྡུལ་ལོ་རྒྱུས་མདོར་བསྡུས་བསྐུར་ཆོག་པས་དྲ་ཐོག་དང་དྲ་འོག་ནས་ལས་ཀ་འཚོལ་མཁན་མང་པོ་ཞིག་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།
རྗེས་མཐུད་དུ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྲིད་གཞུང་དང་། སློབ་གྲྭ། ཁེ་ལས་བཅས་ཕྱོགས་གསུམ་གྱི་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། དུས་ཚིགས་ལྟར་ལས་རིགས་ཀྱི་ཆེད་དོན་ལས་ཞུགས་ཚོགས་འདུ་གཉེར་བར་མ་ཟད། གཞོན་ནུའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་འཆར་གཞི་བཏོན་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་། ལས་གཏོད་གསོ་སྐྱོང་རོགས་སྐྱོར། ལས་ཞུགས་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཐབས་བཟང་སྣ་འདུས་བརྒྱུད་གྲངས་གཞི་ཆེན་པོའི་སྟེགས་བུ་འཛུགས་པར་བརྟེན་ནས་ལས་ཞུགས་དགོས་མཁོའི་གནས་ཚུལ་གྱི་གསལ་ཐོ་བཟོས་ཏེ། ལས་གནས་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྤེལ་གཏོང་བ་དང་། ལས་ཀ་འཚོལ་མཁན་ལ་འཁོར་ཡུན་ཧྲིལ་པོའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་རྒྱུ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社