ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་1ཉིན། ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་པ་བོད་དུ་བཅའ་སྡོད་དཔུང་སྡེ་ཞིག་ཏུ་བསྐྱོད་དེ་དམག་སྒར་ནང་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་ཡུལ་དངོས་དང་བརྙན་ལམ་ཚོགས་འདུ་ཟུང་འབྲེལ་གྱི་རྣམ་པ་སྤྱད་པ་དང་།དྲ་ཕྱིའི་ཚོགས་ར་གཙོ་བོས་དཔེ་སྟོན་སྣེ་ཁྲིད་བྱས་པ་དང་དྲ་ཐོག་གི་ཡན་ལག་ཚོགས་ར་13དུས་མཉམ་དུ་སྤེལ་ཡོད་ཅིང་།ཁྱོན་དཔོན་དམག་400ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
བྱེད་སྒོ་དེ་ནི་ཆེད་མངགས་གདན་ཞུ་བྱས་པའི་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གི་རྩིས་སྤྲོད་བཀོད་སྒྲིག་དང་ཁེ་དབང་སྲུང་སྐྱོང་ཚན་ཁག་གི་ལྷ་མོ་སྒྲོལ་དཀར་གྱིས་ཟླ་རེ་བཞིན་དམག་ཞབས་ཐིམ་པའི་དངུལ་ལེན་པ་དང་དམག་ཞབས་ཐིམ་པའི་དམག་མིའི་བཀོད་སྒྲིག་སྲིད་ཇུས་ལ་དམིགས་ནས《ཟླ་རེ་བཞིན་དམག་ཞབས་ཐིམ་པའི་དངུལ་ལེན་པ་དང་བཀོད་སྒྲིག་བྱ་ཐབས》ལ་གསལ་འགྲེལ་བྱས་པ་རེད། གསལ་འགྲེལ་ནང་སྲིད་ཇུས་ཀྱི་གཙོ་གནད་ལ་དབྱེ་ཞིབ་བྱས་པར་མ་ཟད། བཀོད་སྒྲིག་བྱས་རྗེས་ས་གནས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་ལ་དམིགས་ནས་ལག་བསྟར་གྱི་བརྒྱུད་རིམ་དང་བཀོལ་སྤྱོད་ཀྱི་ཞིབ་ཆར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས་དཔོན་དམག་གིས་སྔ་སྣུར་དུ་སྲིད་ཇུས་ལ་རྒྱུས་མངའ་ཐུབ་པ་དང་། སྲིད་ཇུས་ཀྱི་གཟིགས་སྐྱོང་དེ་དཔོན་དམག་གི་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།
དམག་ཞབས་ཐིམ་པའི་དམག་མིས་ཟླ་རེ་བཞིན་དམག་ཞབས་ཐིམ་པའི་དངུལ་ལེན་པ་དང་བཀོད་སྒྲིག་སྲིད་ཇུས་ནི་དུས་རབས་གསར་པའི་དམག་དཔུང་དང་ས་གནས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཤེས་ལྡན་པའི་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། དམག་དཔུང་གི་དམག་རྒྱག་གྲ་སྒྲིག་ལ་ཞབས་འདེགས་ཞུ་བ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་དང་། རྒྱལ་ཁབ་ཀྱིས་དམག་མིར་ལེགས་སྐྱེས་ཕུལ་བའི་ཁས་ལེན་ནུས་ལྡན་ཞིག་ཡིན་ལ་དམག་མིའི་སེམས་ཁྲལ་སེལ་བའི་འགག་རྩའི་འདེགས་སྐྱོར་ཞིག་ཀྱང་ཡིན།
ཟླ་རེ་བཞིན་དམག་ཞབས་ཐིམ་པའི་དངུལ་ལེན་པ་དང་དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་བྱེད་པའི་སྲིད་ཇུས་ནང་དམག་ཞབས་ཐིམ་པའི་དངུལ་ཉིས་བརྩེགས་འཕར་སྣོན་གྱི་ལམ་སྲོལ་བཙུགས་ཡོད། དེའི་ནང་ལོ་ལྟར་རྒན་གསོའི་དངུལ་ལེགས་སྒྲིག་དང་བསྟུན་ནས་འཕར་སྣོན་ཡོང་བའི་གཞི་རྩའི་དམག་ཞབས་ཐིམ་པའི་དངུལ་འཕར་སྣོན་ཡོང་བ་ཚུད་ཡོད་ལ། དཀའ་ཚེགས་ཆེ་བ་དང་ཐག་རིང་ས་ཁུལ་གྱི་ཁ་གསབ་ལེགས་སྒྲིག་དང་བསྟུན་ནས་ས་གནས་ཀྱི་ཁ་གསབ་འཕར་སྣོན་ཡང་ཚུད་ཡོད། ཐོབ་ཆ་འཕར་སྣོན་བྱུང་བ་དེས་ཏང་དང་རྒྱལ་ཁབ་ཀྱིས་དམག་མིར་བརྩི་བཀུར་དང་གཅེས་སྐྱོང་བྱས་པ་གང་ལེགས་མཚོན་ཡོད་པས།དཔོན་དམག་རྣམས་བློ་བདེ་བག་ཕེབས་ངང་དམག་ཞབས་སྒྲུབ་པར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་ནང་བཀོད་སྒྲིག་གི་གཞི་འཛིན་ས་དང་། ཐོབ་ཆའི་ཐད་ནས་དམག་ཞབས་སྒྲུབ་མུས་ཀྱི་དམག་མིའི་དོགས་གཞིར་ལན་བཏབ་ནས་དོགས་པ་བསལ་བ་དང། དམག་ཞབས་ཐིམ་པའི་དམག་མའི་སེམས་ནང་གི་སེམས་ཁྲལ་ཡང་བསལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ད་དུང་དམག་ཞབས་ཐིམ་པའི་དམག་མིར་ལས་སྒྱུར་དམག་དཔོན་དང་། སྲིད་གཞུང་གི་བཀོད་སྒྲིག་ལས་དོན་དང་མཐུན་པའི་དམག་ཞབས་ཐིམ་པའི་དམག་མི། དམག་ལོག་དམག་དཔོན། རང་བདག་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མི། རྒྱལ་ཁབ་ཀྱི་བསྙེན་བཀུར་ཞུ་བའི་དམག་ཞབས་ཐིམ་པའི་དམག་མི་སོགས་ཚོགས་སྤྱིའི་བཀོད་སྒྲིག་སྲིད་ཇུས་ཀྱི་ལག་རྟགས་ཐུམ་སྒྲིལ་ཆེན་པོ་400སྤྲད་པ་རེད། གནད་ལ་འཁེལ་བའི་སྲིད་ཇུས་ཀྱི་དཔྱད་གཞི་ཕུལ་ནས་དཔོན་དམག་གིས་སྣ་མང་བཀོད་སྒྲིག་བྱེད་ལམ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་རམ་འདེགས་བྱས་པ་དང་། ཞབས་ཞུའི་འགན་སྲུང་ལས་དོན་དོན་འཁྱོལ་བྱས་པ། ཞབས་ཞུའི་འགན་སྲུང་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་དམག་ཞབས་ཐིམ་པའི་དམག་མིར་དྲོ་སྐྱིད་དང་ཐུགས་ཁུར་དངོས་སུ་ཚོར་ཐུབ་པ་དང་། རྗེས་མཐུད་བཀོད་སྒྲིག་ལས་དོན་ལ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社