ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་རང་ལྗོངས་ཀྱི་དབང་པོ་ཉམས་པའི་མིར་དབང་པོ་གསོ་བའི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་ཡོད་པ་རེད། ད་ཐེངས་གཤགས་བཅོས་བྱས་པའི་ཁྲོད་གློག་ལ་བརྟེན་ནས་རྒྱུངས་པར་སྨན་བཅོས་བྱས་ཡོད་ཅིང་།སྨན་དོན་ཚོཊ་པས་སྨན་བཅོས་དང་བདག་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔར་ནད་པའི་དབང་པོ་གཤགས་བཅོས་མ་བྱས་སྔོན་དང་བསྡུར་ན་དྲག་ཏུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ་ཚེ་སྲོག་གི་ལུས་རྟགས་ཁག་བརྟན་པོ་ཡོད་པ་རེད།
“ཁྱེད་རང་གི་གློག་ཀླད་ཀྱི་གསང་བའི་ཨང་རྟགས་ག་ཚོད་རེད་དམ། གཅེན་མོའི་ལག་མཐིལ་ལ་བྲིས་དང”ཅེས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ནད་ཁང་དུ་སེམས་རྩ་འཁོལ་བའི་ཁ་བརྡ་ཞིག་གིས་མི་རྣམས་ལ་མཆི་ཞག་འཁོར་བར་བྱས། ནད་པས་ལུས་ཤུགས་ཞན་ཡང་སེམས་ཤུགས་ཀྱིས་ཁེངས་པའི་ཐོག་ནས་ལན་བརྒྱབ་པས་ནང་མི་དང་སླར་ཡང་ཁ་བརྡ་བྱ་རྒྱུ་བྱུང་བར་སྨན་པ་དང་ནད་པའི་ནང་མི་ཚང་མར་དགའ་ཚོར་དཔག་ཏུ་མེད་པ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་མཐོ་ས་ནས་ལྷུང་སྟེ་མགོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཚན་ཁག་ཏུ་བསྐྱལ་ཡོད། སྨན་ཁང་དུ་སླེབས་སྐབས་ནད་པ་དྲན་པ་ཐོར་ཡོད་པས། རིགས་གཅིག་མཁས་ཅན་ཚོགས་པས་མགྱོགས་མྱུར་ངང་ནད་པའི་མགོ་བོར་གཤགས་བཅོས་བྱས་ཡོད། ནད་པའི་ནད་གཞི་བརྟན་པོ་བྱུང་རྗེས།མགོ་རུས་ལ་ཆག་སྐྱོན་ཤོར་བ་དང་ཀླད་པར་ཆུ་བསགས་པའི་རྐྱེན་གྱིས་བསྐྱར་དུ་གཤགས་བཅོས་བྱས་ཡོད། གཤགས་བཅོས་བྱས་པའི་ཁྲོད་ཚེ་སྲོག་གི་ལུས་རྟགས་བརྟན་པོ་ཡིན་མོད། འོན་ཀྱང་ནད་པའི་ཚོར་བ་ཉམས་པའི་གནས་སུ་གྱར་ཡོད། ཕྱོགས་མང་པོའི་གྲོས་བསྡུར་དང་ནད་གཞིར་དཔྱད་དཔོག་བྱས་པ་བརྒྱུད། ཟླ་3ཚེས་12ཉིན་ནད་པར་གློག་ལ་བརྟེན་ནས་རྒྱུངས་པར་གཤགས་བཅོས་བྱས་ཡོད།
བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་རྒུ་རུ་རྒྱལ་མཚན་གྱིས། ཟླ་3ཚེས་12ཉིན།ནད་པར་གློག་ལ་བརྟེན་ནས་རྒྱུངས་པར་གཤགས་བཅོས་བྱས་པ་ཡིན། གཤགས་བཅོས་མ་བྱས་སྔོན་དང་བསྡུར་ན་ནད་པའི་གཟུགས་པོའི་གཞོགས་གཡོན་པའི་རྐང་ལག་རྐྱོང་ཤུགས་སྔོན་ཆད་ལས་དྲག་ཏུ་ཕྱིན་ཡོད་ལ་ཐ་ན་གཉེན་ཉེའི་མིང་ཡང་འབོད་ཐུབ་ཀྱི་ཡོད། རྗེས་ཀྱི་སྨན་བཅོས་ཁྲོད་ང་ཚོས་མུ་མཐུད་དུ་ནད་པའི་ནད་གཞིའི་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱས་ནས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨན་བཅོས་བྱ་ཐབས་དེ་བས་མང་བ་སྤྱོད་རྒྱུ་ཡིན་ཞེས་བཤད།
མི་རྣམས་དགའ་འོས་པ་ཞིག་ནི་གཤགས་བཅོས་བྱས་རྗེས། ནད་པའི་དྲན་པ་རིམ་བཞིན་སླར་གསོ་བྱུང་ནས་མིག་མདངས་ཐུབ་པ་དང་མིག་རིལ་འཁོར་སྐྱོད་བྱེད་ཐུབ་པར་མ་ཟད། རྐང་ལག་བཞི་ཡང་འགུལ་སྐྱོད་ཐུབ་ཀྱི་ཡོད་པ་རེད།
ནད་པའི་ནང་མི་གཡང་སྒྲོལ་གྱིས། ནད་པའི་ནད་གཞི་རིམ་བཞིན་དྲག་ཏུ་འགྲོ་ཡི་འདུག སྨན་དོན་པ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
མཁའ་དམག་དམག་ཁུལ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ཐང་ཏུའུ་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་སྨན་པ་ཝང་པའོ་ཡིས། ཕྱིས་འབྱུང་།ང་ཚོས་རིག་གཞུང་གྲོས་བསྡུར་དང་གསོ་སྦྱོང་འཛིན་གྲྭ་རྒྱ་ཆེར་སྤེལ་ཏེ། ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་གཞིས་ཀ་རྩེ་དང་མངའ་རིས་སོགས་ཐག་རིང་ས་ཁུལ་གྱི་སྨན་པར་ལག་རྩལ་མཛུབ་ཁྲིད་དང་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་ཐད་ལྗོངས་ཕྱི་ནས་མངགས་པ་དང་ནང་ཁུལ་དུ་གསོ་སྐྱོང་བྱེད་པའི་བྱ་ཐབས་སྤྱད་དེ་གངས་ལྗོངས་ས་མཐོ་རང་གི་གཞོན་ནུའི་རྐང་འཛིན་པ་གསོ་སྐྱོང་གང་མང་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社